分享按钮

རྔ་ཆེན་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་དང་ཚལ་གུང་ཐང་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱིས་མཉམ་དུ་དཀའ་ངལ་ཡོད་པའི་ཕྱོགས་མིའི་ཚོགས་སྤྱིར་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་དང་ཚལ་གུང་ཐང་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱིས་མཉམ་དུ་དཀའ་ངལ་ཡོད་པའི་ཕྱོགས་མིའི་ཚོགས་སྤྱིར་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་རེད།

འཚམས་འདྲིའི་མི་སྣ་དང་ཐོག་རྔ་ཆེན་ཁྲོམ་གཞུང་ཁང་གསར་སྡེ་ཁུལ་གྱི་ཕྱོགས་མའི་དཀའ་ངལ་ཡོད་པའི་དུད་ཚང་བློ་གྲོས་ཀྱི་ཁྱིམ་དུ་བསྐྱོད་ཅིང་། བློ་གྲོས་རང་ཉིད་མིག་ཤེད་རིམ་པ་དང་པོའི་དབང་པོ་སྐྱོན་ཅན་ཡིན་པ་དང་ལོ་3ལ་སླེབས་པའི་ཐང་ཧྲེ་ཕྱོགས་བསྡུས་ནད་ཕོག་པའི་བུ་རང་ཉིད་གཅིག་པུས་གསོ་སྐྱོང་བྱེད་དགོས་ཀྱི་ཡོད་པས། ཁྱིམ་ཚང་གི་འཚོ་བ་ཚང་མ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ལ་བརྟེན་དགོས་ཀྱི་ཡོད། འཚམས་འདྲིའི་མི་སྣས་ཁོང་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ། མ་བུ་གཉིས་ཀྱི་བདེ་ཐང་དང་འཚོ་བའི་དཀའ་གནད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་བློ་གྲོས་ལ་སྡེ་ཁུལ་གྱིས་མུ་མཐུད་ནས་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། དགོས་མཁོ་གང་ཡོད་ཀྱང་དུས་ཐོག་ཏུ་རོགས་སྐྱོར་རེ་ཞུ་བྱེད་ཆོག་ཅེས་བཤད།

དེ་རྗེས་འཚམས་འདྲིའི་མི་སྣ་ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་སྡེ་ཁུལ་དུ་བསྐྱོད་དེ་མི་ཧྲེང་རྒན་རྒོན་བློ་བཟང་ཉི་མར་གཟིགས་ཤིང་། རྒན་རྒོན་བློ་བཟང་ཉི་མས་ཚེ་གང་གཉེན་སྒྲིག་བྱས་མེད་པས། ལྟ་རྟོག་བྱེད་མཁན་གྱི་གཉེན་ཉེ་མེད་པ་དང། དེ་བཞིན་ཁོང་ལ་གཅོང་ནད་སྣ་ཚོགས་ཕོག་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་མེད་ལ་གཏན་འཇགས་ཀྱི་ཡོང་འབབ་ཀྱང་མེད་པས། ཚབ་མཚོན་རང་བཞིན་གྱི་ལོ་ན་མཐོ་བ་དང་། ཁེར་སྡོད།ནད་གཞི་ལྕི་བ་བཅས་ཀྱི་དཀའ་ངལ་གསུམ་ལྡན་གྱི་ཚོགས་སྤྱིའི་ཁོངས་སུ་གཏོགས་ཀྱི་ཡོད། འཚམས་འདྲིའི་མི་སྣས་རྒན་རྒོན་ལ་དགུན་ཆས་གསར་པ་བརྗེས་ནས་རྒྱུན་གཏན་གྱི་དྲོད་སྲུང་ལ་དོ་སྣང་བྱེད་དགོས་པའི་མངགས་བྱ་བྱས་པ་དང་འབྲེལ་འཚོ་བའི་གནས་ཚུལ་དང་དོན་དངོས་ཀྱི་དགོས་མཁོ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

རྔ་ཆེན་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་བློ་བཟང་གིས་ང་ཚོས་དམངས་སྲིད་ནི་དམངས་ཀྱི་ཆེད་ཡིན་པ་དང་དམངས་སྲིད་དམངས་གཅེས་ཀྱི་ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ་དང་། ཚལ་གུང་ཐང་ཁྲོམ་གཞུང་དང་མཉམ་འགུལ་བྱས་པ་བརྒྱུད་རོགས་སྐྱོར་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱི་དགོས་མཁོ་དངོས་གནད་སྨིན་གསལ་རྟོགས་ཐུབ་པར་མ་ཟད། དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་མགྱོགས་མྱུར་དོན་འཁྱོལ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་པོའི་རྒྱབ་སྐྱོར་ཐོབ་པ་དང་སྤྱི་ཚོགས་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དེ་བས་ཚོར་ཡོད་ཅེས་བཤད།

སླད་ཕྱིན། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་དང་ཚལ་གུང་ཐང་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱིས་ཕྱོགས་མིའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེ་བཞིན་དམིགས་བསལ་ཚོགས་སྤྱིར་མུ་མཐུད་དེ་དམིགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་སྨིན་འབྲེལ་མཐུད་དང་། རོགས་སྐྱོར་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དྲོ་སྐྱིད་ཀྱི་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དེ་ཆེ་རུ་གཏོང་རྒྱུ་རེད། (བྱམས་ཚེ་དང་ཉི་ཆོས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-06 6 6 拉萨日报藏文 c213243.html 1 རྔ་ཆེན་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་དང་ཚལ་གུང་ཐང་ཁྲོམ་གཞུང་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱིས་མཉམ་དུ་དཀའ་ངལ་ཡོད་པའི་ཕྱོགས་མིའི་ཚོགས་སྤྱིར་འཚམས་འདྲི་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ། /enpproperty-->