分享按钮

ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་རྐང་ལམ་ཉིན་གང་སྒོ་ཕྱེ་རིང་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ།

རྒྱ་ཆེའི་གྲོང་མི་རྣམ་པ་དང་ཡུལ་སྐོར་བ་རྣམ་པ་ཚོ།

ལྷ་ཀླུ་འདམ་ར་ནི“ལྷ་སའི་གློ་བ”ལྟ་བུ་ཡིན་པ་དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པའི་ངོས་ནས་དེས་གྲོང་ཁྱེར་གྱི་འབྱུང་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོང་བྱེད་བཞིན་ཡོད་ལ། ང་ཚོའི་ཐུན་མོང་གི་སྔོ་ལྗང་ཁྱིམ་གཞིས་དང་རྩ་ཆེའི་རྒྱུ་ནོར་ཡང་རེད། ད་ཆ་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་ལ་འཇགས་པ་དང་འདམ་རའི་འབྱུང་ཁམས་རིན་ཐང་དང་སྤྱི་ཚོགས་ཀྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

ཚང་མས་རང་བྱུང་ཁམས་དང་དེ་བས་ཉེ་བཅར་ཐུབ་པ་དང་འབྱུང་ཁམས་ཀྱི་མཛེས་སྡུག་ཚོར་ཐུབ་པར་བྱ་ཆེད། ལྷ་ཀླུ་འདམ་ར་ཉིན་གང་སྒོ་ཕྱེ་ཡོད། དམངས་ཕན་གྱི་བྱེད་ཐབས་དེས་སྲུང་སྐྱོང་ཁུལ་གྱི་བདེ་འཇགས་དོ་དམ་དང་ལྷག་པར་དུ་མེ་ཟོན་ལས་དོན་ལ་འགྲན་སློང་དེ་བས་ཆེ་བ་འཕྲད་ཡོད། འདམ་རའི་ནང་རྩྭ་རྩི་ཤིང་མང་བ་དང་། སྟོན་ཁ་དང་། དགུན་ཁ། དཔྱིད་ཀ་བཅས་ཀྱི་དུས་ཚིགས་གསུམ་གྱི་གནམ་གཤིས་སྐམ་ཤས་ཆེ་བ་དང་།འབར་སླ་བའི་དངོས་པོ་མང་བ། སྒོ་ཕྱེ་བའི་དུས་ཚོད་རིང་བ། མི་སྣ་འགྲོ་སྐྱོད་མང་བ། མེ་སྐྱོན་གྱི་ཉེན་ཁ་ཆེ་བ་བཅས་ཡོད། མེ་སྐྱོན་ཐོན་ཚེ་རྩ་ཆེའི་འབྱུང་ཁམས་མ་ལག་ལ་ལྡོག་ཐབས་མེད་པའི་གྱོང་གུན་ཕོག་རྒྱུ་རེད། འདམ་རའི་འབྱུང་ཁམས་བདེ་འཇགས་བརྟན་དུ་གཏོང་བ་དང་། འདམ་རའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ཚང་མའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ང་ཚོས་ལྷག་བསམ་ཟོལ་མེད་ངང་ལྷ་ཀླུ་འདམ་རར་དགའ་ཞེན་ཆེ་བའི་གྲོགས་པོ་ཚང་མར་གྲོས་འགོ་བཏོན་པ་སྟེ།

གཅིག འདམ་རའི་མེ་ཟོན་ལ་བརྩི་སྲུང་ཞུ་མཁན་ཞིག་བྱེད་དགོས།དེ་ཡང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་མེ་ཟོན་སྲོལ་ཡིག》བཅས་དང་དེ་བཞིན་ལྷ་ཀླུ་འདམ་རའི་སྲུང་སྐྱོང་དོ་དམ་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ་འདམ་ར་དང་ཉེ་འཁོར་ས་ཁོངས་སུ་མེ་ཆ་དང་འབར་ཞུན་སོགས་མེ་སོན་གང་ཡང་འཁྱེར་མི་ཆོག་པ་དང་ཐ་མག་འཐེན་པ་དང་། བསྲེགས་ཟས། ཤོག་སྦག་སྤོར་བ། མེ་སྤོར་བ་སོགས་མེ་སྐྱོན་བཟོ་སྲིད་པའི་བྱེད་སྤྱོད་མཐའ་དག་གཏན་འགོག་བྱེད་དགོས།

གཉིས། འདམ་རའི་མེ་འགོག་དྲིལ་བསྒྲགས་བྱེད་མཁན་ཞིག་བྱེད་དགོས། དེ་ཡང་ནང་མི་དང་། གྲོགས་པོ། ཉེ་འགྲམ་གྱི་ཡུལ་སྐོར་བ་བཅས་ལ་མེ་ཟོན་གྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བ་དང་། འདམ་རའི་མེ་ཟོན་གྱི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་བྱེད་པ། ན་སོ་དར་ལ་མ་བབས་པའི་མིར་མེར་མི་འཆང་བའི་སློབ་གསོ་གཏོང་བ། རྒན་རབས་ཚོར་མེ་ཟོན་གྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་པ། རང་ངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་དེ་བས་མང་བ་དེའི་ནང་ཞུཊ་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ་མེ་སྐྱོན་སྔོན་འགོག་བྱས་ནས་འདམ་རར་སྲུང་སྐྱོང་བྱེད་པའི་འགན་འཁྲི་མི་ཚང་མར་ཡོད་པའི་རྣམ་པ་བཟང་པོ་ཞིག་ཆཊ་པར་བྱེད་དགོས།

གསུམ། འདམ་རའི་མེ་སྐྱོན་སྔོན་འགོག་གི་ལྟ་སྐུལ་པ་བྱེད་དགོས། དེ་ཡང་བདག་པོའི་འདུ་ཤེས་བཅངས་ནས་འདམ་རའི་ནང་སྒྲིག་འགལ་ངང་མེ་སྤྱོད་པའི་བྱེད་སྤྱོད་འཕྲད་སྐབས་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་རྒྱག་དགོས། གལ་ཏེ་མེ་སྐྱོན་ཡོད་པ་ཤེས་ཚེ། ངེས་པར་དུ་སྔོན་ལ་ཉེན་ཁའི་ས་ཁོངས་དང་རྒྱང་རིང་ཙམ་བྱས་ནས་འཕྲལ་མར་119མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་པའམ་ཡང་ན་འདམ་རའི་དོ་དམ་སྡེ་ཚན་ལ་སྙན་སེང་ཞུས་ནས་གནས་ཚུལ་ཐོན་ཡུལ་མཁོ་འདོན་ཡང་དག་བྱས་ཏེ་སྔ་ཙམ་མེ་གསོད་ཐུབ་པར་བྱེད་དགོས།

བཞི། འབྱུང་ཁམས་དཔལ་ཡོན་གྱི་ལག་ལེན་པ་ཞིག་བྱེད་དགོས། དེ་ཡང་འདམ་རའི་མཛེས་ལྗོངས་ལོངས་སུ་སྤྱོད་སྐབས་རང་རྟོགས་ངང་རྩྭ་རྩི་ཤིང་ལ་གཅེས་སྤྲས་བྱེད་པ་དང་། སྔོ་ཁེབས་ལ་གཏོར་བཤིག་མི་གཏོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་འགོག་རྐྱེན་མི་བཟོ་བ། ལྟ་སྐོར་གྱི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ། དམིགས་འཛུགས་ལམ་ཐིག་གཞིར་བཟུང་སྐྱོད་པ། སྒོ་དབྱེ་མེད་པའི་ས་ཁོངས་དང་འབྱུང་ཁམས་སྲུང་སྐྱོང་ཁུལ་དུ་མི་སྐྱོད་པ། འདམ་རའི་ལྷིང་འཇགས་དང་དྭངས་གཙང་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱེད་དགོས།

གྲོང་མི་དང་ཡུལ་སྐོར་བ་རྣམ་པར་ཞུ་རྒྱུར་ལྷ་ཀླུ་འདམ་རའི་བདེ་འཇགས་ནི་ལྷ་སའི་འབྱུང་ཁམས་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་ང་ཚོ་མི་ཚང་མ་དང་དེ་བས་འབྲེལ་བ་དམ་ཟབ་ཡོད། ཉིན་གང་སྒོ་ཕྱེ་བ་ནི་དོ་དམ་ལས་དོན་གྱི་ཚོད་བགམ་ཞིག་ཡིན་ལ་ཚང་མའི་ཤེས་དཔལ་གྱི་བྱང་ཚད་དང་འགན་འཁྲི་འཁུར་ཕོད་པར་ཞིབ་བཤེར་བྱས་པ་ཞིག་ཀྱང་རེད། ང་ཚོས་ལག་གདང་སྦྲེལ་བ་དང་། རང་ངོས་ནས་འགོ་འཛུགས་པ། ད་ལྟ་ནས་འགོ་འཛུགས་པ། ཞིབ་ཕྲ་ནས་འགོ་འཛུགས་པ་བཅས་བྱས་ཏེ་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་བཞིན་ལྷ་ཀླུ་འདམ་རར་སྲུང་སྐྱོང་བྱེད་དགོས་ལ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་འབྱུང་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ་དང་། མེ་སྐྱོན་ལ་སྔོན་འགོག་ནན་པོ་བྱེད་པ། སྔོ་ལྗང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་རྩ་ཆེའི“གྲོང་ཁྱེར་གྱི་གློ་བ”དང“རང་བྱུང་གསོ་རླུང”ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ལྷ་ཀླུ་འདམ་རའི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། རྩྭ་དེ་བས་སྔོ་བ་བཅས་ཡོང་བར་བྱས་ཐོག་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས།

མཇུག་ཏུ་2025ལོའི་ནས་ཟླ་12ཚེས་4ཉིན་ནས་བཟུང་། ཉི་འོད་འཕྲོས་ཚད་ཀྱི་དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལྷ་ཀླུ་འདམ་རའི་སྐོར་སྲུང་རྐང་ལམ་དུ་དགུན་དུས་སྒོ་ཕྱེ་བའི་དུས་ཚོད་ནི།

1.རེ་གཟའ་མིག་དམར་ནས་རེ་གཟའ་ཉི་མའི་བར་སྒོ་ཕྱེ་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་09:00ནས་ཕྱི་དྲོའི་ཆུ་ཚོད་19:30(ཆུ་ཚོད་19:15ནས་མི་ཚང་མ་ཕྱིར་དོན་དགོས་ཀྱི་ཡོད་པས་ནང་དུ་འཛུལ་མི་ཆོག)

2.རེ་གཟའ་ཟླ་བར་སྒོ་རྒྱག་རྒྱུ། (སྲུང་སྐྱོང་བྱ་རྒྱུ)

3.ལྷ་ཀླུ་འདམ་རར་འཛུལ་སྐབས་རང་འགུལ་ངང་མེ་ཟོན་གྱི་རྩ་གཉིས་རྟགས་རིས་བཤེར་ནས་བདེ་འཇགས་ཞིབ་བཤེར་གྱི་ལས་དོན་ལ་གཞོགས་འདེགས་བྱེད་དགོས།

བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས།

2025ལོའི་ཟླ་12ཚེས་2ཉིན་བསྒྲགས།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-04 6 6 拉萨日报藏文 c213096.html 1 ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་རྐང་ལམ་ཉིན་གང་སྒོ་ཕྱེ་རིང་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ། /enpproperty-->