分享按钮

ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གངས་ལྗོངས་ས་མཐོའི་གྲོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། པེ་ཅིང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་ནས་ཕྱིར་ལོག་རྗེས།མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་མང་རྭ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་པེ་ཅིང་གྲོང་ཁྱེར་དུ་སྦྱངས་པའི་ཤེས་བྱ་དེ་དག་གྲོང་གསེབ་ཀྱི་དངོས་སྒྲུབ་རྣམ་པར་འགྱུར་བར་བྱས་ནས་རྒྱུན་གཏན་གྱི་གནས་ཚུལ་ཤེས་རྟོགས་དང་། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། བཅའ་ཁྲིམས་ཀྱི་འཚམས་འདྲི་བྱས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱ་ཐབས་སྤྱད་དེ། པེ་ཅིང་དང་ལྷ་སའི་སེམས་མཐུན་གྱི་སྟོབས་ཤུགས་གངས་ལྗོངས་ས་མཐོའི་གྲོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པར་གྱུར་བར་བྱས་ཡོད།

གྲོང་ཚོར་བཅའ་སྡོད་བྱེད་རིང་། ལས་དོན་རུ་ཁག་གི་ལས་རྗེས་གང་སར་མངོན་རྒྱུ་ཡོད་ཅིང་། དམངས་ཕན་ཞབས་ཞུའི་ས་ཚིགས་སུ་ཁོང་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་རྒན་རྒོན་ཚོར་དཔྱད་ཡིག་འབྲི་རོགས་དང་འགྲོ་ལུགས་གཉེར་རོགས་བྱེད་ཀྱི་ཡོད་ལ། ཞིང་ནང་དང་གྲོང་ཚོའི་དཔེ་ཁང་དུ་ཁོང་ཚོས་གྲོང་མི་དང་དཔུང་པ་མཉམ་གཤིབ་ཀྱིས་མཉམ་དུ་བསྡད་དེ་ཐོན་འབབ་སྐོར་གླེང་བ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་ཡང་བྱེད་ཀྱི་ཡོད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་བསམ་འདུན་ཉན་པའི་སྦྲེལ་ཟམ་ལྟ་བུར་གྱུར་བར་མ་ཟད། སླད་ཕྱིན་གྱི་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་ཀྱང་རྙེད་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མང་རྭ་གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་སྐར་མ་སྒྲོལ་མས་ཐེངས་འདིར་ཡུལ་མི་སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་བསྐྱོད་པ་ནི་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་ང་ཚོའི་མངགས་གཏོང་ཚན་པ་དང་མཉམ་དུ་གནད་སྨིན་སྦྲེལ་མཐུད་བྱས་པ་ཞིག་རེད། བྱ་ཐབས་དེ་ནི་ཡུལ་མི་ཚོའི་མཐོང་རྒྱ་ཆེ་རུ་གཏོང་བ་ཙམ་མ་ཟད། ཡུལ་མི་ཚོས་མེས་རྒྱལ་འཕེལ་རྒྱས་ཀྱི་རྣམ་པ་དངོས་སུ་མཐོང་ཐུབ་པ་དང་། ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་སུ་ཚོར་ཐུབ་པར་བྱས་ནས། ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

པེ་ཅིང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་འགྲོ་སྐབས་མཐོང་ཐོས་བྱུང་བ་ཚང་མ་ཡུལ་མི་ཚོའི་སེམས་ནང་བཏབ་པའི་རེ་བའི་ས་བོན་ལྟ་བུ་གྱུར་ཡོད་ཅིང་། རྒྱལ་སའི་འཕེལ་རྒྱས་དང་མེས་རྒྱལ་སྟོབས་འབྱོར་ལྡན་པའི་རྣམ་པ་མཐོང་ཐོས་བྱུང་བས་ཡུལ་མི་ཚོས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་དེ་བས་ཆེ་རུ་དང་། ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། དེ་བཞིན་པེ་ཅིང་ནས་འཁྱེར་ཡོང་བའི་བསམ་ཕྱོགས་དེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་སྤྲོ་སེམས་ཆེན་པོར་འགྱུར་བཞིན་ཡོད།

མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་མང་རྭ་གྲོང་ཚོའི་ཡུལ་མི་ཨ་ནུའུ་ཡིས་ཐེངས་འདིར་པེ་ཅིང་དུ་བསྐྱོད་པ་དེས་ངའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ངས་རྒྱལ་སའི་མཐོང་ཐོས་མྱོང་གསུམ་གྱི་རྣམ་པ་དེ་ཡུལ་མི་སྤུན་ཟླ་རྣམས་ལ་མཉམ་སྤྱོད་བྱས་ཏེ། ཚང་མས་མཉམ་དུ་ཕ་ཡུལ་འཕེལ་རྒྱས་ཀྱི་ཆེད་དུ་འབད་འཐབ་བྱེད་པར་སྐུལ་ཁྲིད་བྱ་རྒྱུ་དང་སྦྲགས། ངས་ནམ་ཡང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་རྒྱུ་དང་། ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྒུལ་ཤུགས་དེ་མགྱོགས་མྱུར་ངང་རེ་རེ་བཞིན་དམངས་འཚོའི་བྱ་བ་དངོས་སུ་གྱུར་ཡོད་ཅིང་། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱ་རྒྱུ་ནི་ཡུལ་མི་ཚོའི་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་ཅིག་རེད། ད་ཆ་གྲོང་ཚོར་བཅའ་སྡོད་བྱ་ཡུལ་གྱི་ལས་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་། ཁང་པ་གསར་པ་རྒྱག་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཨར་ལས་ཀྱི་འཐབ་ས་མདུན་མར་བརྟན་སྲུང་བྱས་ཏེ་ཁོང་ཚོས་དངོས་ཟོག་མཐུན་སྦྱོར་དང་འཕེལ་རིམ་ལ་དམ་འཛིན་བྱས་པར་མ་ཟད། ད་དུང་བཅའ་ཁྲིམས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་ཡུལ་དངོས་སུ་བསྡད་དེ་ཡུལ་མིའི་སྡོད་ཁང་གི་གན་རྒྱར་རེ་རེ་བཞིན་འགྲེལ་བཤད་རྒྱག་པ་དང་། ཁེ་དབང་དང་འོས་འགན་གསལ་པོར་བཤད་དེ་ཁྱིམ་ཚང་ཚང་མའི་བདེ་སྡོད་ཕུགས་འདུན་ཆེད་ཁྲིམས་སྐྱོང་ལ་བརྟེན་ནས་སྲུང་ཡོལ་བརྟན་དུ་བཏང་བ་རེད།

མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་མང་རྭ་གྲོང་ཚོའི་གྲོང་མི་དཀོན་མཆོག་དོན་གྲུབ་ཀྱིས། ན་ནིང་ས་ཡོམ་བརྒྱབ་རྗེས། ངའི་དེ་སྔ་སྡོད་སའི་ཁང་པ་དེ་བས་ཉམས་ཆག་ཏུ་ཕྱིན་ནས་ཁང་པའི་ནང་སྡོད་སྐབས་གནས་བཟོད་བདེ་པོ་མི་འདུག མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་གནང་བ་དང་། ད་དུང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག དཔྱིད་རླུང་བྱ་སྤྱོད་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་ལས་མང་ཚོགས་རྣམས་ལ་ཆེད་མངགས་ཁང་པ་གསར་པ་རྒྱག་རོགས་བྱས་ཡོད། ད་ལྟ་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ལ་སེམས་དེ་བས་སྐྱིད་པ་འདུག་ཅེས་བཤད།

དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དེ་ད་དུང་བཅའ་ཁྲིམས་སྒྲོག་འགྲེལ་དང་འཚམས་འདྲིའི་ཞིབ་ཕྲའི་ལས་དོན་ལས་མངོན་ཡོད་ཅིང་། དུད་ཚང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ལས་དོན་རུ་ཁག་གིས་དགུན་སྒྲོལ་གྱི་གྲང་འགོག་དངོས་ཟོག་བསྐྱལ་བར་མ་ཟད། ད་དུང་བཅའ་ཁྲིམས་སློབ་ཁྲིད་ཀྱང་བྱས་པ་སྟེ། ཅི་འཕྲོས་མོལ་འཕྲོས་བྱེད་རིང་བཅའ་ཁྲིམས་ཀྱི་ཤེས་བྱ་དང་། ཁྱིམ་མཚེས་དབར་གྱི་རྩོད་གཞི་སེལ་ཐབས། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཐབས་བཅས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པ་དང་། གཞུང་ལུགས་སྟོང་བཤད་མི་བྱེད་པར་སྙིང་གཏམ་ཤོད་རེས་བྱས་ཏེ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱི་སེམས་སུ་ཚོར་ཐུབ་པར་བྱས་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་གང་ལེགས་བྱས་ཏེ་ཆེད་ལས་ལ་བརྟེན་ནས་དམངས་འཚོར་སྲུང་སྐྱོང་བྱས་ཡོད། ཁོང་ཚོས་རྒྱལ་སའི་ཉམས་མྱོང་ལ་བརྟེན་ནས་ཁྲིམས་སྐྱོང་ལ་གཞོལ་བ་དང་བྱ་བ་དངོས་སྒྲུབ་པའི་ཐོག་ནས་གངས་ལྗོངས་ས་མཐོར་རྒྱུན་དུ་དམངས་སེམས་ཤེས་རྟོགས་དང་། ཉེན་ཡོད་སྡོད་ཁང་སྒྱུར་བཀོད། དམངས་འཚོར་ཕན་འདོགས་པ། བཅའ་ཁྲིམས་སྒྲོག་འགྲེལ་དང་འཚམས་འདྲི་བྱེད་པའི་ཐོག་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མུ་མཐུད་དེ་བརྩམས་ནས་མང་ཚོགས་བློ་ཡིད་ཚིམ་པའི་བྱ་བ་སྒྲུབ་བཞིན་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-27 6 6 拉萨日报藏文 c212811.html 1 ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གངས་ལྗོངས་ས་མཐོའི་གྲོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་བཏོད་པ། /enpproperty-->