分享按钮

དམངས་ཕན་ཞབས་ཞུ་འཕྲལ་དུ་སྒྲུབ་པ་མངོན་འགྱུར་བྱུང་བ།

(པར་ངོས་དང་པོར་མཐུད)མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་གཱ་བརྗེས་རྗེས་དེ་སྔའི་གཱ་ཡི་ཨང་གྲངས་དང་སྦྲེལ་བའི་སྲིད་དོན་ཞབས་ཞུ་དང་དངུལ་རྩའི་ལས་སྒོ་སོགས་ཚང་མར་ཤུགས་རྐྱེན་མི་ཐེབས་པས།འབྲེལ་ཡོད་ཆ་འཕྲིན་རེ་རེ་བཞིན་འགྱུར་ལྡོག་གཏོང་མི་དགོས།དེ་དང་ཆབས་ཅིག་འཕྲལ་དུ་སྒྲུབ་པ་དང་འཕྲལ་དུ་ལེན་ཆོག་པ་མངོན་འགྱུར་བྱུང་ནས།དེ་སྔའི་སྒུག་ཡུན་རིང་བའི་བརྒྱུད་རིམ་ཆེས་ཆེར་ཐུང་དུ་ཕྱིན་ནས་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད།

ད་ཐེངས་ཀྱི་ལས་སྒོའི་ཚོད་ལྟའི་ལྟེ་བའི་དྲ་ཚིགས་ཡིན་པའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་གིས་འཁྱེར་བདེའི་སྐབས་འཕྲལ་སྒྲིག་ཆས་བཀོད་སྒྲིག་དང་སྙོམས་སྒྲིག་ཚོད་ལྟ་སྔོན་ལ་ལེཊ་སྒྲུབ་བྱས་པ་རེད།མང་ཚོགས་ཀྱིས་འབྲེལ་ཡོད་ལག་ཁྱེར་ཁྱེར་ནས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དུ་བསྐྱོད་ཚེ།ལས་དོན་པའི་ཁྲིད་སྟོན་འོག ཡུལ་དངོས་སུ་སྤྱི་ཚོགས་འགན་བཅོལ་གཱ་རེ་ཞུ་དང་།གཱ་བཟོ་བ།གཱ་ལེན་པ་བཅས་དང་དེ་བཞིན་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་ཧུར་ཐག་བསྒྲུབས་ནས།ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་མི་དགོས་པར་ལས་སྒྲུབ་ཉམས་ལེན་བྱེད་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།ལས་སྒོ་བསྒྲུབས་མ་ཐག་པའི་གྲོང་མི་མིག་དམར་གྱིས།མྱོང་ཚོར་ཟབ་མོའི་སྒོ་ནས་དེ་རིང་སྤྱི་ཚོགས་འགན་བཅོལ་གཱ་བརྗེ་བར་ཡོང་སྐབས།དེ་སྔའི་གཱ་ཡི་ཨང་གྲངས་སོར་འཇོག་བྱེད་ཐུབ་པ་བསམ་ཡུལ་ལས་འདས་སོང་།དངོས་ཟོག་ཉོ་སྒྲུབ་ལས་སྟེགས་དང་དངུལ་འཇལ་APPཐོག་སྦྲེལ་བའི་གཱ་ཚང་མ་སྒྱུར་མི་དགོས་པས།ཧ་ཅང་སྟབས་བདེ་པོ་འདུག སྔོན་ཆད་གཱ་བརྗེས་ཚེ།གཱ་ཡི་ཨང་གྲངས་བརྗེ་དགོས་པས།ཐེངས་མང་འགྲོ་དགོས་པ་དང་རེའུ་མིག་མང་པོ་སྐོང་དགོས་པ་ཤེས་ཀྱི་ཡོད།འདི་ནི་དངོས་གནས་དམངས་ཕན་གྱི་བྱ་བ་བཟང་པོ་ཞིག་རེད་ཅེས་བཤད།

དུས་ཐོག་ཏུ་གཱ་བཟོ་བ་ཕུད།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ད་དུང་ཞབས་ཞུའི་སྐར་ཁུང་མདུན་སྤོས་དང་།གཅིག་གྱུར་བདག་སྤྲོད།སྐར་ཁུང་གཅིག་ནས་སྒྲུབ་གཉེར།ཐེངས་གཅིག་ལ་སྒྲུབ་གཉེར་བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་རྣམ་པ་བཏོད་དེ།སྤྱི་ཚོགས་འགན་བཅོལ་གཱ་གསབ་བརྗེའི་ལས་སྒོ་སྒྲུབ་པའི་ལྷུ་ཚིགས་སྔར་བས་ཉུང་དུ་བཏང་བ་རེད།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་མི་སྒེར་དངུལ་རྩ་པུའི་སྤྱི་ཁྱབ་ཅིང་ལི་དཔལ་སྐྱིད་ཀྱིས།ད་རེས་ང་ཚོས་ལྗོངས་ནང་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་གཱ་དང་པོ་དེ་དུས་གཅིག་ཏུ་གཱ་བརྗེ་ཐུབ་པར་བྱས་ནས།འདས་ཟིན་པའི་ལས་ཀའི་ཉིན་15ཡི་འགྲོ་ལུགས་གཉེར་བའི་དུས་འཁོར་སྐར་མ་ཁ་ཤས་བར་ཐུང་དུ་བཏང་སྟེ།འཕྲལ་དུ་གཉེར་བ་དང་འཕྲལ་དུ་ལེན་པ་དངོས་འབྲེལ་ཐུབ་པར་བྱས་པ་དང་།དངུལ་རྩའི་ཚན་རྩལ་ལ་བརྟེན་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་མང་ཙམ་སྐྱོད་པའི་དམངས་ཕན་འདུ་ཤེས་ལག་ལེན་བསྟར་ཡོད་ཅེས་བཤད།

ལས་སྒོ་དེ་ཁྲེང་ཀོན་ཆུས་ཉིང་ལག་དངུལ་ཁང་དུ་ཚོད་ལྟ་དོན་འཁྱོལ་བྱུང་བ་དེ་ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དམངས་ཆེད་དངུལ་རྩ་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་གྱི་མཚོན་ཚུལ་ནུས་ལྡན་ཞིག་ཡིན་ལ།བོད་ལྗོངས་ས་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་གཱའི་ཞབས་ཞུ་སྟབས་བདེ་ཅན་དང་རིག་ནུས་ཅན་གྱི་འཕེལ་རིམ་ཁྲོད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།སླད་ཕྱིན།ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་སྒོའི་ཁྱབ་རྒྱ་མུ་མཐུད་དེ་ཆེ་རུ་བཏང་ནས་རྫོང་ཁོངས་ཀྱི་དྲ་ཚིགས་དེ་བས་མང་བར་གཱ་བཟོ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ།ཐག་རིང་ལུང་ཁུག་གི་མང་ཚོགས་ཚོར་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱ་རྒྱུ་རེད།དེ་དང་ཆབས་ཅིག་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཞིབ་ཆ་འཐུས་སྒོ་ཚང་དུ་བཏང་ནས།སྤྱི་ཚོགས་འགན་བཅོལ་གཱ་དེ་མང་ཚོགས་དང་ཉེ་བཅར་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་ཕན་གཱ་དང་སྙིང་ཉེའི་གཱ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱས་ཏེ།བོད་ཀྱི་དམངས་འཚོའི་དངུལ་རྩའི་ཞབས་ཞུ་རིམ་སྤོར་ལ་ཞིང་ལས་དངུལ་ཁང་གི་ལས་དོན་སྤེལ་ཤུགས་དེ་བས་མང་བ་གཏོང་རྒྱུ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212739.html 1 དམངས་ཕན་ཞབས་ཞུ་འཕྲལ་དུ་སྒྲུབ་པ་མངོན་འགྱུར་བྱུང་བ། /enpproperty-->