ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་དགེ་རྒན་གྱི་མི་སྣ་གསོ་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་དགེ་འོས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་གཉེར་བའི་2025ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་དགེ་རྒན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ལྷ་ས་དགེ་འོས་སློབ་ཆེན་གྱི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་སློབ་འགོ་ཚུགས་ཡོད། གྲོང་ཁྱེར་ཡོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྐང་འཛིན་དགེ་རྒན་དང་འཛིན་གྲྭའི་ཀྲུའུ་རེན་གྱི་མི་གྲངས་100གསོ་སྦྱོང་ནང་ཞུགས་ཡོད།
ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་མཚོས། ད་ཐེངས་ཀྱི་གསོ་སྦྱོང་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་དང་ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དགེ་རྒན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སློབ་གསོ་གཏིང་ཟབ་དང་། ཁ་གསལ་པོ། གསོན་ཤུགས་འཕེལ་བ་བཅས་ཀྱི་སྒོ་ནས་སློབ་མའི་སེམས་ནང་རྩ་བ་ཚུགས་པ་དང་། མྱུ་གུ་འབུས་པ། འབྲས་བུ་ཐོན་པ་བཅས་བྱས་ཏེ།མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་ཆེད་དུ་ཡིན་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་7ཡིན་ཞིང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ།ཆེད་དོན་འཆད་ཁྲིད་དང་། མཉམ་འགུལ་བགྲོ་གླེང་། དཔེ་མཚོན་དབྱེ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད། དགེ་རྒན་ལ་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་སློབ་ཁྲིད་ཀྱི་འཐབ་ས་མདུན་མ་སྟངས་འཛིན་བྱེད་རོགས་བྱེད་པ་དང་། དགེ་རྒན་ཡོངས་ཀྱིས་མི་སྣ་གསོ་སྐྱོང་དང་། བརྒྱུད་རིམ་ཧྲིལ་པོས་མི་སྣ་གསོ་སྐྱོང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社