分享按钮

ཨེ་མཚོ་གཞིས་ཀས་དགུན་དུས་ཀྱི་གླིང་ཁ་བསྐྲུན་ནས་ཡུལ་ཁོངས་ཧྲིལ་པོ་དང་དུས་སྐབས་ཧྲིལ་པོའི་ རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)གཞིས་ཀས་མི་རིགས་ཀྱི་ཁྱད་ཆོས་རང་སོར་བཞག་པ་དང་ཆབས་ཅིག་ཏུ་དེང་རབས་ཀྱི་སྐྱིད་སྣང་དོད་པའི་རྣམ་པ་མངོན་པར་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་རང་བྱུང་ཁོར་ཡུག་ཁྲོད་ཀྱི་ངལ་གསོ་རྒྱག་ཡུལ་ཡག་པོ་ཞིག་བསྐྲུན་ཡོད།

ཨེ་མཚོ་གཞིས་ཀའི་སྤྱི་ཁྱབ་ཅིང་ལི་ལི་ཉིང་གིས། ང་ཚོའི་གཞིས་ཀས་སྲོལ་རྒྱུན་གྱི་གཞི་རྒྱུ་དང་ཨེ་ཤེ་ཡ་ཤར་ལྷོའི་ཉམས་འགྱུར་ཟུང་འབྲེལ་བྱས་ནས་ལྷ་སར་དམིགས་བསལ་གྱི་དུས་བཞིའི་གླིང་ཁ་གཏོང་ཡུལ་ཞིག་བཏོད་ཡོད། འདིར་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། ནུས་པ་མང་བའི་ཁང་པའི་ནང་དུ་ས་དྲོད་དང་གླུ་གར་འཁྲབ་སྟོན་བཀོད་སྒྲིག་བྱས་ཡོད་པར་མ་ཟད། གཟའ་མཇུག་ཏུ་ང་ཚོས་ད་དུང་མེ་ཕུང་དགོང་ཚོགས་གཉེར་གྱི་ཡོད་ཅེས་བཤད།

གྲོང་མི་བསྟན་འཛིན་ཆོས་སྒྲོན་གྱིས། དེ་རིང་གྲོགས་པོ་དང་ནང་མི་མཉམ་དུ་དེ་གར་སྤྲོ་གསེང་ལ་ཡོང་བ་ཡིན། ཁོར་ཡུག་ཧ་ཅང་ཡག་པོ་འདུག ང་ཨེ་མཚོ་གཞིས་ཀར་ཡོང་ཐེངས་དང་པོ་ཡིན། དེ་གར་རི་དང་ཆུ་ཡོད་པས་མ་ཚད་ཁང་པའི་ནང་དུ་ས་དྲོད་སྙོམས་ཆས་ཀྱང་ཡོད་པས་དགུན་དུས་ཀྱང་དེ་གར་གླིང་ཁ་གཏོང་ཆོག་གི་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཨེ་མཚོ་གཞིས་ཀ་གནས་ཡུལ་དེ་སྔོན་དངུལ་པར་གྲོང་ཚོའི་སྒོ་ར་རྙིང་པ་ཡིན་པ་དང་སྒྱུར་བཀོད་བྱས་རྗེས་སྲོལ་རྒྱུན་གྱི་བོད་བཟོའི་ཉམས་འགྱུར་སོར་འཇོག་བྱས་པར་མ་ཟད། ཤེལ་སྒོའི་གཟིགས་སྟེགས་ཀྱང་གསར་དུ་བསྣན་ཡོད། གཞིས་ཀས་གླིང་ཁའི་དཔལ་འབྱོར་གྱི་རྣམ་པ་གསར་པ་གསར་གཏོད་དང་། གླིང་ཁའི་འཕེལ་ཕྱོགས་གསར་པ་དང་བསྟུན་པ། རྩེར་སོན་དང་། སྤུས་དག ཁྱད་ལྡན་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་ཡར་བརྩོན་བཅས་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

དངུལ་པར་གྲོང་ཚོའི་ཚན་རྩལ་ཆེད་ལས་ལས་བྱེད་པ་བསྟན་འཛིན་བདེ་སྐྱིད་ཀྱིས། ཨེ་མཚོ་གཞིས་ཀ་བསྐྲུན་ཚུན་དུ། ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད། མིག་སྔར་གྲོང་ཚོ་དེ་གའི་གྲོང་མི་8ལས་ཞུགས་ཐུབ་པ་དང་། ཟླ་རེར་འབབ་འཕར་སྒོར་ཁྲི་3ལྷག་ཙམ་བྱུང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་65ལྷག་ཙམ་བཅས་བྱུང་ཡོད་ཅེས་བཤད།

ད་ལོའི་ཟླ་9ཚེས་8ཉིན།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཨེ་མཚོ་གཞིས་ཀའི་རྣམ་གྲངས་འཛུགས་སྐྲུན་ལ་ཡུལ་དངོས་སུ་བརྟག་ཞིབ་གནང་སྐབས་ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། གཉེར་སྐྱོང་གི་ངེས་གནས་ལ་དམ་པོར་དམིགས་པ། ཚན་རིག་དང་མཐུན་པའི་ངང་སྔོ་འགྱུར་མཛེས་ལྗོངས་ཇུས་འགོད་བྱེད་པ། རྣམ་གྲངས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་ནས་སྤྲོ་གསེང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལི་ཉིང་གིས། རྗེས་མར་ང་ཚོས་ད་ཐེངས་ཀྱི་བརྟག་ཞིབ་བླང་བྱ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བྱས་ཏེ། ཕྱི་ལོ་དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་རྩིས་ཡོད། དུས་ཐེངས་གཉིས་པར་ལུམས་དང་ཞག་སྡོད་གཙོ་བོར་བྱས་ཏེ།རྣམ་གྲངས་བསྐྲུན་རྗེས་ས་གནས་དེ་གའི་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་སང་ལོ་ང་ཚོས་ད་དུང་ལས་རིགས་རྩལ་ནུས་གསོ་སྦྱོང་རྟེན་གཞི་ཞིག་བསྐྲུན་ནས་ས་གནས་དེ་གའི་མང་ཚོགས་ལ་སྣ་མང་ཅན་གྱི་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན། ང་ཚོ་དང་གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཀྱི་གཞི་རྩའི་ཁེ་སྤོགས་བགོ་བཤའ་རྒྱག་སྐབས་ད་ཆ་ལོ་ལྟར་མ་མཐའི་ཁེ་སྤོགས་སྒོར་ཁྲི་65འགན་ལེན་བྱེད་ཀྱི་ཡོད། དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་ནས་གཉེར་སྐྱོང་བྱས་རྗེས།ང་ཚོས་ད་དུང་ཚོང་གཉེར་གྱི་ཡོང་འབབ་གཞིར་བཟུང་།ཁེ་སྤོགས་བགོ་བཤའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

དགུན་དུས་གླིང་ཁ་བསྐྲུན་པ་ལས་ཨེ་མཚོ་གཞིས་ཀ་དེ་ལྷ་སའི་དགུན་དུས་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་པར་མ་ཟད། ས་མཐོའི་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད། ལྷ་སར་དགུན་དུས་གྲང་ངར་ཆེ་ཡང་སྤྲོ་གསེང་བྱ་ཡུལ་གྱི་ཁོར་ཡུག་དེ་བས་མང་དུ་འགྲོ་བཞིན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-25 6 6 拉萨日报藏文 c212734.html 1 ཨེ་མཚོ་གཞིས་ཀས་དགུན་དུས་ཀྱི་གླིང་ཁ་བསྐྲུན་ནས་ཡུལ་ཁོངས་ཧྲིལ་པོ་དང་དུས་སྐབས་ཧྲིལ་པོའི་ རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ། /enpproperty-->