ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན། བོད་ལྗོངས་མཁའ་འགྲུལ་དང་བོད་ལྗོངས་དངུལ་ཁང་གི་མིང་འབྲེལ་གཱ་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ལྷ་སར་འཚོགས་ཤིང་། བོད་ལྗོངས་དངུལ་ཁང་དང་བོད་ལྗོངས་མཁའ་འགྲུལ་གྱིས་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སི་དང་མཉམ་དུ་བཏོན་པའི་མིང་འབྲེལ་གཱ་འདིས་དངུལ་རྩའི་ཞབས་ཞུ་དང་དམངས་འཚོའི་དགོས་མཁོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་བོད་དུ་ཡོང་མཁན་འགྲུལ་པར་མཁའ་འགྲུལ་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། དམངས་ཕན་བཅས་ཕྱོགས་གསུམ་གཞི་གཅིག་གི་ཉམས་ལེན་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། དེའི་ཐོག་ནས་རང་ལྗོངས་ཀྱི་དངུལ་རྩ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད།
བོད་ཀྱི་ས་གནས་འདི་གའི་དངུལ་རྩའི་སྒྲིག་གཞི་དང་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་ཁེ་ལས་དབར་མཉམ་ལས་གཏིང་ཟབ་བྱེད་པའི་གསར་གཏོད་ཀྱི་ལག་ལེན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་མཁའ་འགྲུལ་དང་བོད་ལྗོངས་དངུལ་ཁང་གིས་མིང་འབྲེལ་གཱ་ཡི་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་བརྟན་སྲུང་བྱས་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་དང་། ཡུལ་སྐོར། དེ་བཞིན་རྒྱུན་གཏན་གྱི་འཛད་སྤྱོད་བཅས་ཀྱི་ལྟེ་བའི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་བྱས་ཏེ་དངོས་སྤྱོད་ཁེ་དབང་རབ་དང་རིམ་པ་མཉམ་དུ་བཏོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གཱ་སྤྱོད་མཁན་གྱིས་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་སྤ་སེ་ཉོས་ན་རིན་གོང་འཕྲལ་དུ་ཉུང་དུ་གཏོང་བ་དང་གྲུ་ཚང་རིམ་སྤོར་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པར་མ་ཟད། ཉིན་རེའི་ཆ་སྙོམས་བཅོལ་དངུལ་ཚད་ལོན་རྗེས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་སྐུ་མགྲོན་ཚོམས་ཆེན་གྱི་གུས་ལུགས་ཀྱང་མྱོང་རོལ་ཐུབ་རྒྱུ་རེད། ཞེ་ཁྲེང་དང་མེ་ཐོན་སོགས་ཀྱི་ལས་སྟེགས་སུ་འཛད་སྤྱོད་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཉོ་སྐབས་ཆེད་དམིགས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་ཆབས་ཅིག་གཱ་གཉེར་བ་དང་གཱ་བེད་སྤྱོད་བྱེད་པར་གླ་རིན་གང་ཡང་སྤྲོད་མི་དགོས་པ་དང་སྤྲིན་ཚོམ་མྱུར་སྤྲོད་ཀྱི་གྲོན་དངུལ་འཕྲལ་དུ་ཉུང་དུ་གཏོང་བ་སོགས་ཀྱི་དམངས་བདེའི་ཕན་བདེ་ལོངས་སུ་སྤྱོད་ཆོག་གི་ཡོད་པས་གཱ་གཅིག་ཡོད་ཚེ་སྟབས་བདེ་ཚང་མ་ཐོབ་རྒྱུ་རེད།
བོད་ལྗོངས་དངུལ་ཁང་མི་སྒེར་ལས་སྒོ་པུའི་སྤྱི་ཁྱབ་སྤྱི་གཉེར་གྱི་ལས་རོགས་ཀྲང་ཀྲེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གཱ་འདིས་མཁའ་འགྲུལ་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། དམངས་ཕན་བཅས་ཀྱི་ཁེ་དབང་ཁག་གསུམ་བསྡུ་སྒྲིལ་གཏིང་ཟབ་བྱས་པ་ནི་དངུལ་རྩའི་ཞབས་ཞུ་དང་དམངས་འཚོ་འགན་ལེན་མཉམ་འདྲེས་གཏིང་ཟབ་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། ཕྱོགས་གསུམ་པོས་མཉམ་དུ་མིང་འབྲེལ་གཱ་བཏོན་པའི་དམིགས་ཡུལ་ནི་དངུལ་རྩའི་ཞབས་ཞུ་ཐོབ་ཚད་མཐོ་རུ་བཏང་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་རེད།
བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ནོར་དོན་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ཡན་ཕིང་གིས་མིང་འབྲེལ་གཱ་ནི་ཕྱོགས་གསུམ་མཉམ་ལས་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ང་ཚོས་གཱ་སྦྲེལ་ཐག་ཏུ་བྱས་ཏེ་ས་གནས་འདི་གའི་མང་ཚོགས་ལ་མཁའ་འགྲུལ་ཡུལ་སྐོར་གྱི་སྟབས་བདེ་མཉམ་སྤྱོད་ཐུབ་རྒྱུ་དང་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་རྒྱུའི་ཡིད་དབང་བཀུག་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད་སྒུལ་ཤུགས་བསྣན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དངུལ་ཁང་གིས་ད་ཐེངས་ཀྱི་མིང་འབྲེལ་གཱ་འགྲེམས་སྤེལ་བྱས་པ་འདི་འགོ་འཛུགས་ས་གསར་པར་བྱས་ནས་དངུལ་རྩའི་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་དང་། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་སྒྲུབ་སྟངས་རྒྱུན་ཆད་མེད་པར་གསར་གཏོད། སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་གཏོད་པ། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུར་བརྟེན་ནས་དམངས་འཚོ་ལེགས་བཅོས་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་བཅས་ལ་རམ་འདེགས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社