分享按钮

ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་པ་བཀོད་པ།

(པར་ངོས་དང་པོར་མཐུད)ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས》ཞེས་པ་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2023ལོའི་ཟླ་9པ་ནས་2025ལོའི་ཟླ་4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན།

རྩོམ་ཡིག་ནང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་ལག་རྩལ་གསར་བརྗེའི་རང་བཞིན་གྱི་ཚད་བརྒལ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གསར་གཏོད་རང་བཞིན་གྱི་ལེགས་སྒྲིག ཐོན་ལས་བརྗེ་སྒྱུར་རིམ་སྤོར་གཏིང་ཟབ་བྱས་པ་བཅས་ལས་བྱུང་བ་དང་། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་དེ་བཞིན་དེའི་ལེགས་སྒྱུར་སྡེབ་སྒྲིག་བཅས་ཀྱི་མཆོང་སྐྱོད་ནི་དེའི་གཞི་རྩའི་ནང་དོན་ཡིན་པ་དང་། གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་བྱེད་ཆོད་ཤུགས་ཆེན་འཕར་བ་ནི་དེའི་མཚོན་རྟགས་གཙོ་བོ་ཡིན། གསར་གཏོད་ནི་དེའི་ཁྱད་ཆོས་ཡིན་པ་དང་། སྤུས་ལེགས་ནི་དེའི་གནད་འགག་ཡིན་པ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ནི་དེའི་ངོ་བོ་ཡིན་ཞེས་ནན་གསུངས་གནང་ཡོད།

རྩོམ་ཡིག་ནང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་དམིགས་ནས། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གསར་པ་གཏོད་པ་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཁེ་ལས་ཀྱི་གསར་གཏོད་གཙོ་གཟུཊ་ཀྱི་གནས་བབ་ཇེ་ཡག་ཏུ་བཏང་ནས། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱེད་དགོས་ཞེས་གསུངས་ཡོད།

རྩོམ་ཡིག་ནང་། ཐོན་སྐྱེད་ནུས་ཤུགས་གསར་མ་དང་དེ་བས་འཚམ་མཐུན་ཡོང་བའི་ཐོན་སྐྱེད་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་མཁོ་སྤྲོད་ཤུགས་ཆེར་བཏང་ནས། རིགས་ཁག་གི་སྔོན་ཐོན་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིགས་ཁག་གི་གསར་གཏོད་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། སློབ་གསོ་ཚན་རྩལ་ཤེས་ལྡན་པ་གཞི་གཅིག་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད།

རྩོམ་ཡིག་ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་དགོས།ས་གནས་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ས་གནས་དེ་གའི་ཐོན་ཁུངས་ཀྱི་བཟང་ཆ་དང་། ཐོན་ལས་རྨང་གཞི། ཚན་ཞིབ་ཆ་རྐྱེན་སོགས་གཞིར་བཟུང་ནས་ཐོན་ལས་གསར་པ་དང་། དཔེ་དབྱིབས་གསར་པ། སྒུལ་ཤུགས་གསར་པ་བཅས་ཀྱི་འཕེལ་རྒྱས་ལ་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་རྙིང་བརྟན་པོ་དང་རྒྱུན་མཐུད་ངང་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

(ཕུར་སྒྲོན་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-11-17 6 6 拉萨日报藏文 c211936.html 1 ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་པ་བཀོད་པ། /enpproperty-->