(པར་ངོས་དང་པོར་མཐུད)བརྒྱུད་རིམ་ཧྲིལ་པོར་དོ་ཁུར་དང་མཛུབ་ཁྲིད་ཞིབ་ཚགས་བྱས་ཡོད།ཆེད་དོན་ཚོཊ་པའི་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ལྟ་སྐུལ་སྒྲུབ་སྐུལ།དྲིལ་བསྒྲགས་འཕྲིན་སྤེལ་བཅས་དང་དེ་བཞིན་བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ཆེད་དོན་ཚོགས་ཆུང་གི་འགན་འཁུར་བ་སོགས་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་དུས་བཀག་ལྟར་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་ཡུལ་དངོས་སུ་བརྟག་ཞིབ་བྱས་ཏེ།ཞིབ་འཇུག་བརྡར་གཅོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ལ་དབྱེ་ཞིབ་བྱས་པ་དང་དཀའ་གནད་བསལ་ཡོད།ལྷ་ས་གྲོང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་སྤྱིའི་བཀོད་སྒྲིག་འོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་འགན་འཁྲི་ཁུར་ཞིང་།ནན་ཏན་ངང་རང་འགན་གཙང་སྒྲུབ་ཀྱིས་རྣམ་པ་ལེགས་སུ་གཏོང་བ་དང་།སྒྲིག་འགལ་འཛུགས་སྐྲུན་བཤིག་པ།སྒྲིག་བཀོད་ཆ་འགྲིག་ཆེན་པོ།ཁོར་ཡུག་བཅོས་སྐྱོང་ཆེན་པོ།ཐོན་ལས་འཕེལ་རྒྱས་ཆེན་པོ།རིག་གནས་སྔོག་འདོན་ཆེན་པོ།མཛེས་ལྗོངས་གསར་གཏོད་ཆེན་པོ་བཅས་ཐབས་བདུན་མཉམ་སྤྱོད་དང་གྲོང་ཁྱེར་གྱི་རྣམ་པ་དང་།ལས་རྣམ།རིག་གནས། འབྱུང་ཁམས་བཅས་ཀྱི་རྣམ་པ་བཞི་གཅིག་སྒྲིལ་གྱི་བསམ་ཕྱོགས་ལ་གཞིགས་ཏེ།གྲོང་ཁྱེར་དོ་དམ་གྱི་སྒྲིག་བཀོད་བཅོས་སྒྲིག་དང་།གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་བཅོས་སྒྲིག གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག ཚོང་ར་ཚད་ལྡན་དུ་བཅོས་སྒྲིག ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་བཅོས་སྒྲིག་སོགས་བྱ་སྤྱོད་ཆེན་པོ་བརྒྱད་ལག་བསྟར་བྱས་པ།འཐབ་ཇུས་ཀྱི་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་མིག་རྒྱང་གི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་བཀོད་སྒྲིག་བྱས་པ།མཐོང་རྒྱུ་དང་ཚོར་རྒྱུ་ཡོད་པ་དང་ཤེས་རྟོགས་དང་ཚོར་སྣང་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་བཅོས་སྐྱོང་གི་མཛེས་སྡུག་ལྡན་པའི་རྣམ་པ་རིམ་བཞིན་འགྲེམས་སྟོན་བྱས་པ།མི་དམངས་མང་ཚོཊ་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་དེ་བས་ཆེ་རུ་ཕྱིན་པ་དང་།དེ་བས་འགན་སྲུང་ཐུབ་པ།དེ་བས་རྒྱུན་མཐུད་ཐུབ་ཡོད།
གཙོ་གནད་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་གནས་ཚད་དང་སྤུས་ཚད་མཐོ་རུ་བཏང་བ།
མགོ་བཀྱགས་ཏེ་བལྟས་ན་མཛེས་རིས་ལྟ་བུར་མཐོང་།མིག་མདུན་དུ་མངོན་པ་ནི་ཡུལ་ལྗོངས་ཤ་སྟག་ཡིན།ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་སྐབས་འགྲོ་ལམ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་།རླངས་འཁོར་འཇོག་ས་གོ་རིམ་ལྡན་པ།རི་སྔོ་ཆུ་དྭངས་ཕན་ཚུན་གཅིག་ལ་གཅིག་འགྲན་པ་ལྟར་སྣང་བ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་དེ་གོམ་པ་རེ་རེ་བཞིན་མངོན་འགྱུར་ཐུབ་ནས་འབྱུང་འཕྲོད་འཚོ་སྡོད་དང་འཚམ་པའི་ལྷ་ས་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་གནས་ཡུལ་ཞིག་ཏུ་གྱུར་ཡོད།མཛེས་སྡུག་ལྡན་པའི་ལྷ་ས་དང་།འབྱུང་འཕྲོད་ལེགས་པའི་ལྷ་ས།བདེ་སྐྱིད་ལྡན་པའི་ལྷ་ས་བཅས་ཀྱིས་གྲོང་མི་དང་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་བག་ཆགས་བཞག་པ་དེ་ནི།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ལས་བྱུང་བ་ཞིག་རེད།
གྲོང་ཁྱེར་སྒྲིག་བཀོད་འགག་སྒྲོལ་བྱས་ནས་གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་བཏང་། གྲོང་ཁྱེར་སྒྲིག་བཀོད་ཀྱི་འཐུས་སྒོ་ཚང་ཚད་ནི་གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་མིའི་འཚོ་བའི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས་མི་རྩ་བར་འཛིན་རྒྱུར་སྣང་ཆེན་བྱས་ཤིང་། དམངས་ཀྱི་འདོད་བློར་ཉན་པ་དང་། དམངས་ཀྱི་རེ་འདུན་ཐག་གཅོད། དམངས་ཀྱི་གནས་ཚུལ་ལ་དོ་སྣང་། དམངས་ཀྱི་བློ་རིག་བསྡུ་ལེན་བཅས་བྱས་པ་བརྒྱུད། གྲོང་ཁྱེར་གྱི་སྒྲིག་བཀོད་ཆ་འགྲིག་འཛུགས་སྐྲུན་དང་དོ་དམ་ཞིབ་ཚགས་ཅན་དུ་འགྱུར་བར་བྱས་ཡོད་ཅིང་།གཏོར་སྐྱོན་ཕོག་པའི་ལམ་ངོས་སྨི་ངོས་གྲུ་14738དང་མི་བགྲོད་ལམ་སྨི་གྲུ་བཞི་མ་28759ཉམས་གསོ་བྱས་པ།ཆུ་འབུད་ཁྲོན་པ་དང་ཁྲོན་ཁེབས་869ཉམས་གསོ་བྱས་པ།ཚོན་ལྡན་སྣུམ་སྙིགས་སྤྱད་དེ་ལོ་རྒྱུས་ཁྲོམ་གཞུང་གི་ལམ་ངོས་སྨི་ངོས་གྲུ་3000ཉམས་གསོ་བྱས་པ།ལམ་ངོས་55ཡི་སྤྱི་ལེ་135.53ཡོད་པའི་གྲོང་ཁྱེར་གྱི་གཞུང་ལམ་རྒྱུད་ཀྱི་གློག་སྒྲོན་ཀ་བ་6266གསར་སྒྱུར་བྱས་པ།འགྲོ་ལམ་རྙིང་པ་རྒྱ་སྐྱེད་དང་བསྒྱུར་བཀོད་བྱས་པ།རྙིང་འགྱུར་སྒྲིག་ཆས་གསར་བརྗེས་བྱས་པ།སྦུག་དྲའི་བཀོད་པ་ལེགས་སུ་བཏང་བ།རླངས་འཁོར་འཇོག་ས་མང་དུ་བཏང་བ།གྲོང་ཁྱེར་སྒྲིག་བཀོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།གྲོང་ཁྱེར་གྱི་འཁོར་སྐྱོད་སྔར་བས་ཕན་འབྲས་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་བར་གྱུར་ཡོད།
འགྲིམ་འགྲུལ་བཅོས་སྐྱོང་ལེགས་སུ་བཏང་ནས་བདེ་འཇགས་ཀྱི་ཕྱིར་སྐྱོད་འགན་ལེན་བྱས་པ།གྲོང་ཁྱེར་གྱི་འགྲིམ་འགྲུལ་བཅོས་སྐྱོང་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ལ།མི་དམངས་མང་ཚོགས་ཀྱིས་དོ་ཁུར་དང་དོ་སྣང་བྱེད་པའི་གླེང་མང་བའི་གནད་དོན་ཞིག་ཀྱང་ཡིན།ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཀྱིས་གང་བསམ་པ་དང་གང་རེ་སྒུག་བྱེད་པར་དམ་པོར་དམིགས་ཏེ།མདོག་གསུམ་རླངས་འཁོར་འཇོག་གནས་ཀྱི་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཡོད(མདོག་གསུམ་ཞེས་པ་ནི་ཁ་བཀག་རྗེས་འཕྲལ་དུ་བསྐྱོད་པ།དུས་གཡོལ་རིན་མེད།ཉིན་གང་གྲོན་བསྡུ་བཅས་ཡིན)ལམ་ཟུར་དུ་རླངས་འཁོར་འཇོག་ས་649དང་སྤྱི་པའི་རླངས་འཁོར་འཇོག་ཡུལ་དུ་རླངས་འཁོར་འཇོག་ས་ཁྲི་2.2གསར་སྣོན་བྱས་པ།འགྲིམ་འགྲུལ་བརྡ་རྟགས་སྒྲིག་བཀོད་ཀྱི་དྲ་བ་གཅིག་དང་སྟེགས་བུ་གཅིག་འཛུགས་སྐྱོང་བྱས་པ།གྲོང་ཁྱེར་ཡོངས་ཀྱི་གློག་སྒྲོན་ཚོད་འཛིན་བྱེད་པའི་ལམ་མདོ་455ཡི་ནང་ནས་350དྲ་སྦྲེལ་ཐུབ་པར་བྱས་པ་སོགས་རིག་ལྡན་འགྲིམ་འགྲུལ་མ་ལག་ལེགས་སུ་བཏང་བ་དང་།འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།འགྲིམ་འགྲུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ།མཁྲེགས་སར་གཏུག་ཕོད་པའི་རྣམ་འགྱུར་དང་ལྕགས་ལ་ཤུར་ཐོན་པའི་ཤུགས་ཚད་ཀྱི་ཐོག་ནས་འགྲིམ་འགྲུལ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ་དང་འགྲིམ་འགྲུལ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཐོག་གྲོང་མི་མང་ཚོགས་ལ་བདེ་འཇགས་དང་།གོ་རིམ་ལྡན་པ།ཤར་བགྲོད་ཐུབ་པ་བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ཅིག་བཏོད་ཡོད།
ཁོར་ཡུག་འཕྲོད་བསྟེན་ལ་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་གཟུགས་བརྙན་བཏོད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ནི་གྲོང་ཁྱེར་གྱི་གཟུགས་བརྙན་གྱི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ།མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་ཐད་མཐོང་མཚོན་ཚུལ་ཞིག་དེ་བས་ཀྱང་ཡིན།ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཁྲོམ་གཞུང་དང་སྲང་ལམ་ཆུང་ངུ་དང་།ཚོང་འདུས་ཁྲོམ་ར།ཁོངས་གཏོགས་ཁུལ་གྱི་གཞུང་ལམ།ནང་ཁུལ་ཆུ་བོ་སོགས་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་གཙང་སྦྲའི་དོ་དམ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།མང་ཚོགས་ལ་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་རྩི་ཤིང་སྣ་ཚོགས་བཏབ་ནས་མཛེས་སྡུག་ལྡན་པའི་སྒོ་ར་གཏོད་དགོས་པའི་སྐུལ་མ་བྱས་པ་དང་།རིག་ནུས་ཁྲིད་སྟོན་བརྙན་ཡོལ་དང་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་ཡོ་བྱད་སྒྲིག་སྦྱོར་བྱས་པ།འཚོལ་ཞིབ་དང་།བེད་སྤྱོད།གདེང་འཇོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་རིག་ནུས་ཅན་དང་།ཐབས་མང་མཉམ་སྤྱོད།གོང་འོག་མཉམ་འགུལ་བཅས་བྱས་པ།ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ཀྱིས་དྭངས་གཙང་དང་།གོ་རིམ་ལྡན་པ།ཤེས་དཔལ།མཛེས་སྡུག་བཅས་ཀྱི་འཚོ་སྡོད་དང་འཚམ་པའི་ཁོར་ཡུག་ཧུར་ཐག་བཏོད་པས།གྲོང་མི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་ངང་འཕར་ཡོད།
ཐོན་སྐྱེད་བདེ་འཇགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། ཐོན་སྐྱེད་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ལ་དམ་པོར་དམིགས་པ་དང་འགན་འཁྲིའི་དྲ་བ་བརྟན་དུ་གཏོང་བ་དང་། འགན་འཁྲིའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་དང་ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་དང་། སྣུམ་རླངས། འཛུགས་སྐྲུན་ཨར་ལས། རྡོ་སོལ་མིན་པའི་གཏེར་རི་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། རིམ་རྩིས་བྱས་ན། བཟོ་ཚོང་གཏེར་རིའི་ཁེ་ལས་2149གྲལ་བཤེར་ཞིབ་ཚགས་བྱས་ཤིང་། མངོན་མེད་རྐྱེན་ངན་ཚབས་ཆེན་114ཤེས་རྟོགས་བྱུང་བ་དང་། ཚང་མ་བཅོས་སྒྲིག་ཟིན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོམ་འགོག་དང་། ཆུ་ལོག་སྔོན་འགོག འཁྱིལ་ཆུ་ཕྱིར་འབུད། ས་གཤིས་ཀྱི་གནོད་འཚེ་ལ་ཁ་གཏད་གཅོག་པ་སོགས་ཀྱི་འཕྲལ་བསྟུན་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ཚེ་སྲོག་བགྲོད་ལམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་གི་གནོད་འཚེ་བཀག་འགོག་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉམས་ཉེན་དོ་དམ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས།རྒྱུན་གཏན་རང་བཞིན་དང་། མ་ལག་རང་བཞིན། དེང་རབས་ཅན་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་སྐྱོད་བདེ་འཇགས་ཀྱི་འགན་སྲུང་མ་ལག་ཆགས་པར་བྱས་ཡོད།
འབྱུང་ཁམས་སྔོ་འགྱུར་མང་དུ་བཏང་ནས་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་བཏོད་པ། འབྱུང་ཁམས་སྔོ་འགྱུར་ནི་གྲོང་ཁྱེར་གྱི་རྣམ་པ་མངོན་པའི་མིང་བྱང་ཞིག་ཡིན་ལ། གྲོང་ཁྱེར་གྱི་ཤེས་དཔལ་མངོན་པའི་སྐར་ཁུང་ཞིག་ཀྱང་ཡིན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། གྲོང་ཁྱེར་གྱི་སྔོ་ལྗང་ཁྱབ་ཚུལ་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་རྩི་ཤིང་སྣ་མང་ཅན་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱས་ཡོད། དེ་བཞིན་སྔོ་ལྗང་བདག་སྐྱོང་དོ་དམ་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་ནས། སྒོ་རའི་སྔོ་འགྱུར་རྣམ་གྲངས་179ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་བ་དང་རྣམ་གྲངས་178ལེགས་གྲུབ་བྱུང་ཡོད། སྔོ་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་157གསར་དུ་འཕར་སྣོན་བྱུང་བ་དང་། ཤིང་སོན་ཁྲི་462.94བཙུགས་ཤིང་། སྤང་རྩྭ་འདེབས་ཚད་སྨི་ངོས་གྲུ་ཁྲི་102.91ཟིན་ཡོད། ཅང་སུའུ་ལམ་དང་པེ་ཅིང་ལམ་གྱི་ལམ་དཀྱིལ་གྱི་སྲུང་སྐྱོང་སྒྲོམ་དུ་རྒྱ་སེའི་མེ་ཏོག་ཁོག་མ་10230བསྒྲིགས་ཡོད་པ་དང་། དུས་ཚིགས་ཀྱི་མེ་ཏོག་ཁོག་མ་8562བརྗེས་ནས། ལམ་རྒྱུད་གཅིག་དང་མཛེས་ལྗོངས་གཅིག་གི་ཁྱད་ལྡན་མཛེས་ལྗོངས་བཏོད་དེ། འབྱུང་ཁམས་སྔོ་ལྗང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་ཕྱོགས་མང་པོ་ནས་གནད་སྨིན་ཤུགས་འདོན་བྱས་ཤིང་། ནགས་ཁྲོད་དུ་གྲོང་ཁྱེར་གནས་ཤིང་མཛེས་ལྗོངས་ཀྱི་ཁྲོད་དུ་མི་གནས་པའི་འབྱུང་ཁམས་ཀྱི་རྣམ་པ་ཞིག་བཏོད་ཡོད།
ཚོང་རའི་ཁོར་ཡུག་ཚད་ལྡན་དུ་བཏང་ནས་དམངས་འཚོར་འགན་ལེན་བྱས། འཚོ་བའི་ཉམས་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་། ཞིང་ཟོག་ཉོ་ཚོང་ཁྲོམ་ར་ནི་གྲོང་ཁྱེར་གྱི་བསྡུས་རིས་ཤིག་ཡིན་པས། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ལྷ་ས་གྲོང་ཁྱེར་གྱིས་མི་དམངས་ཀྱི་བློ་ཡིད་ཚིམ་པར་བྱ་རྒྱུ་དེ་དམིགས་ཚད་དུ་བྱས་ཏེ། ཁྲོམ་རའི་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བ་དང་། ཧེང་ཐུང་དང་གདོང་དཀར་སོགས་གཙོ་གནད་ཁྲོམ་ར་12བསྒྱུར་བཀོད་བྱས་ཤིང་། འོ་གསར་དང་། སྐམ་ཟོག ཆུ་ཐོན་དངོས་རིགས་སོགས་བྱེད་ནུས་ཁུལ་ཆེ་གྲས་8དབྱེ་འབྱེད་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་པ་བརྒྱ་ཆ་100བཀོད་སྒྲིག་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཚོང་རའི་ནང་གི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཡོད། ལས་རྣམ་དང་། གཞི་ཁྱོན། ཉེན་ཁ་བཅས་རྩ་གསུམ་རིགས་དབྱེའི་རྩིས་ཁྲ་བཟོས་ནས། མིང་ཐོ་དམར་ནག་ཡོངས་བསྒྲགས་ལམ་ལུགས་དང་། ཐབ་ཚང་ཕྱི་གསལ་ནང་གསལ་གྱི་རིག་ལྡན་ལྟ་སྐུལ་དོ་དམ་ཁྱབ་གདལ་དུ་བཏང་ཡོད། ཚོང་དུད་རང་སྐྱོང་དང་ས་ཚིགས་ཀྱི་ཁེ་དབང་སྲུང་སྐྱོང་ཟུང་དུ་འབྲེལ་བའི་ལམ་སྲོལ་བཙུགས་པ་དང་། ཞུ་གཏུགས་མགྱོགས་མྱུར་ཐག་གཅོད་བྱེད་ཚད་བརྒྱ་ཆ་100ཟིན་ནས། འགྲན་རྩོད་དྲང་གཞག་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་ཁྲོམ་རའི་རྣམ་པ་བཏོད་ཡོད།
ཤུལ་ལུས་གནད་དོན་ཐག་གཅོད་བྱས་ནས་རྣམ་གྲངས་རྩིས་སྤྲོད་དོ་དམ་ལ་སྐུལ་འདེད་བཏང་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་ནི་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་ལས་དོན་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱིས་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། དམངས་འཚོར་དོན་ཆུང་མེད་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ལ་དམིགས་ནས། འགག་སྒྲོལ་དཀའ་སེལ་དང་དཀའ་ངལ་ཁྱད་བསད་ཀྱི་ཆོད་སེམས་ལ་བརྟེན་ནས། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བཅོས་སྒྲིག་གི་ཇུས་གཞི་བཟོས་པ་དང་། བརྟག་ཞིབ་གྲལ་བཤེར་དང་། གསལ་ཐོ་གསེད་བཀྲོལ། གནས་ཚུལ་ཞིབ་དཔྱད། ཡུལ་དངོས་སུ་གཏན་འཁེལ། རྩིས་སྤྲོད་རྩིས་ལེན་བཅས་ཀྱི་ལས་ཀའི་བརྒྱུད་རིམ་གཏན་འཁེལ་བྱས་ཐོག མང་ཚོགས་ཉེ་འགྲམ་གྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་ཡོད། མིག་སྔར་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་175གྲལ་བཤེར་དང་གསེད་བཀྲོལ་བྱས་ཤིང་། དོ་དམ་སྲུང་སྐྱོང་གི་རྣམ་གྲངས་174རྩིས་སྤྲོད་བྱས་པ་དང་། རྣམ་གྲངས་1ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ་99.4ཟིན་ཡོད། མདོར་ན་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོག་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སློག་བཞིན་ཡོད།
རྒྱུན་རྣམ་ཅན་གྱི་ཕུགས་ཕན་ལས་གྲོང་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ།
མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཡིན་ལ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོའང་མཚོན་གྱི་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གི་བྱ་ཐབས་བརྒྱུད། མི་དམངས་བླ་ན་མེད་པའི་ཐོག་མའི་བསམ་འདུན་བཅངས་ནས། ལྷ་ས་གྲོང་ཁྱེར་གྱིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཏེ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། མིག་སྔའི་བཅོས་སྐྱོང་མངོན་གསལ་དོད་པོ་དང་ཡུན་རིང་བརྟན་གནས་ཡོང་བར་སྣང་ཆེན་བྱས་ཏེ། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོས་ཤིང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཐད་ཤུགས་སྣོན་བརྒྱབ་ཡོད། དོན་ཆུང་ས་ནས་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ལ་ཞིབ་ཚགས་ཀྱི་གྲོང་ཁྱེར་དོ་དམ་དང་སྤྱི་པའི་ཞབས་ཞུ་ཡག་པོ་བསྒྲུབས་ནས། མཛེས་སྡུག་ལྡན་པའི་འཚོ་བ་ཚོར་ཐུབ་པར་བྱས་པ་དང་། གྲོང་ཁྱེར་བཅོས་སྐྱོང་གི་ཞིབ་ཚད་དེ་དམངས་འཚོར་ཞབས་འདེགས་ཞུ་བའི་དྲོད་ཚད་ལ་རྒྱུན་ཆད་མེད་པར་བསྒྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་མིང་བྱང་གི་ཤུགས་རྐྱེན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་དང་། སྐྱིད་སྣང་དོད་ཤོས་ཀྱི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ལྷ་སས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་དེ་བས་མང་བར་ཕན་པ་ཐོབ་རྒྱུར་གཞོལ་ནས། གྲོང་མི་མང་ཚོགས་ཚོས་གྲོང་ཁྱེར་གྱི་དྲོད་ཚད་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ནི་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའི་ལས་དོན་ཞིག་ཡིན། ཕྱིན་ཆད། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། མི་དམངས་ལྟེ་བར་འཛིན་རྒྱུ་དེ་གྲོང་ཁྱེར་བཅོས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཤིང་། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་པའི་འཁྱེར་སོ་དང་བྱས་རྗེས་ཐོབ་ཚེ་ང་ཡོད་པའི་འགན་འཁྲི་འཁུར་སེམས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱས་འབྲས་མུ་མཐུད་ནས་སྲ་བརྟན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཞིབ་ཚགས་ཅན་དང་། རིག་ནུས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ལྷ་ས་འདི་ཉིད་ས་གནས་དེ་གའི་མི་རྣམས་ཀྱིས་སྤོབས་པ་བྱེད་པ་དང་ས་ཆ་གཞན་གྱི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ས་མཐོའི་མུ་ཏིག་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་རེད།
(བུ་ཆུང་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社