(པར་ངོས་དང་པོར་མཐུད)ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཐོག གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་ཞིབ་སྐོར་གཡེང་གི་རྣམ་པ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ཡོད།
བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་རླངས་འཁོར་ཚང་མར་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། དོགས་པ་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ། སྒྲིག་འགལ་ཡོད་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་བཅས་ཀྱི་རྩ་དོན་ལག་བསྟར་ནན་པོ་བྱས་ཏེ། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་། ར་བཟི་ནས་རླངས་འཁོར་གཏོང་བ། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། མི་ཚད་ལས་བརྒལ་བའམ་ཡང་ན་མྱུར་ཚད་ལས་བརྒལ་བ། རྐང་བཙུགས་ནས་འཁོར་བྱང་བཀབ་པ། ཁྲིམས་འགལ་ངང་བསྒྱུར་བཟོ་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་དང་སྦྲགས། གློག་སྒུལ་སྦག་སྦག་གིས་འཁོར་བྱང་མེད་པར་ལམ་དུ་སྐྱོད་པ་དང་། བདེ་འཇགས་ཞྭ་མོ་མི་གྱོན་པ། ལྡོག་ཕྱོགས་སུ་སྐྱོད་པ་སོགས་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས།འགྲོ་ལམ་ཤར་བགྲོད་ཀྱི་འགོག་རྐྱེན་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཡོད། ཁྲིམས་འཛིན་ཚད་ལྡན་དུ་བཏང་བ་དང་ཆབས་ཅིག་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ད་དུང་དྲིལ་བསྒྲགས་ཁྲིད་སྟོན་དང་སློབ་གསོའི་ཉེན་བརྡ་གཏོང་བ་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ།ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བར་ངོ་ཐུག་གདོང་འཕྲད་ངང་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དུ་བཏང་ཞིང་། དཔེ་མཚོན་གྱི་ཁྲིམས་འགལ་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་། ར་བཟི་ནས་རླངས་འཁོར་གཏོང་བ། སྒྲིག་འགལ་ངང་རླངས་འཁོར་གཏོང་བ་བཅས་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལ་འགྲེལ་བཤད་བརྒྱབ་པར་མ་ཟད། ད་དུང་ཁ་ལོ་བར་རང་རྟོགས་ངང་རླངས་འཁོར་གཏོང་སྐབས་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ནས། མི་ཚང་མས་འགྲིམ་འགྲུལ་སྒྲིག་སྲོལ་སྲུང་བ་དང་ཡ་རབས་ངང་ཕྱིར་སྐྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཆེན་གྲོང་ནུབ་རུ་ཆེན་དང་པོའི་རུ་འབྲིང་དང་པོའི་རུ་དཔོན་ལེང་པོས་ཚེས་13ཉིན་གྱི་ཆུ་ཚོད་22ཙམ་ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཆེན་གྲོང་ནུབ་རུ་ཆེན་གྱིས་གཙང་འགྲམ་ལམ་དུ་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་ཡོད་མེད་ཞིང་བཤེར་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་བས།མིག་སྔའི་བར་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་སོགས་ཀྱི་དོགས་གཞི་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་གཅིག་རྩད་ཆོད་པ་དང་།རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། ཁྱིམ་ཚང་གི་ཞི་མཐུན་དང་བདེ་སྐྱིད་ཡོང་ཆེད་སྟེས་དབང་གི་བསམ་པའི་ཐོག་ནས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མི་རུང་བའི་དྲན་སྐུལ་ཞུ་རྒྱུ་ཡིན།ཕྱིས་འབྱུང་། ང་ཚོས་བྱ་སྤྱོད་དེ་རིགས་མུ་མཐུད་དེ་སྤེལ་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ།ལྷ་སའི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社