(པར་ངོས་དང་པོར་མཐུད)གྲོན་དངུལ་འཇལ་བའི་ཚད་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ལོ་གསར་པའི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ཀྱི་ཁ་གསབ་དང་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་མ་དངུལ་གྲབས་གསོག་བྱེད་སྟངས་མུ་མཐུད་ནས་སྤྱད་དེ་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་དེ་སྒོར་240དང་སྒོར་400ཡི་རིམ་པ་གཉིས་ལ་གཏན་འཁེལ་བྱས་པ་དང་། ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་དེ་2025ལོའི་མི་རེར་ལོ་རེར་སྒོར་735ཡི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་མུ་མཐུད་དེ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་མ་དངུལ་གྲབས་གསོག་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་འཚམ་པར་བྱས་ནས། ནོར་སྲིད་ཁ་གསབ་དང་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་དབར་ལུགས་མཐུན་གྱི་བསྡུར་ཚད་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་ཚུན།ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་དང་རྒྱུན་མཐུད་ཀྱི་ཐུགས་ཁུར་འོག ནོར་སྲིད་ཁ་གསབ་ནི་ཐོག་མཐའ་བར་གསུམ་དུ་ལམ་ལུགས་དེ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འདེགས་སྐྱོར་བྱེད་པའི་མ་དངུལ་ཡོང་ཁུངས་གལ་ཆེན་ཞིག་ཡིན་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཐད་ཁས་ལེན་བརྟན་པོ་བྱས་པ་མཚོན་ཡོད།
ཚོད་རྩིས་བྱས་པར་གཞིགས་ན། གྲོན་དངུལ་སྒོར་400འཇལ་བའི་འགན་བཅོལ་ནང་ཞུགས་མཁན་གྱི་གྲོང་མིས་ནོར་སྲིད་ཀྱི་ཁ་གསབ་ལོངས་སུ་སྤྱོད་པ་དང་དུས་མཚུངས་མི་སྒེར་གྱིས་ཉིན་རེར་ཆ་སྙོམས་སྒོར་1.1ཙམ་ལས་སྤྲོད་དགོས་ཀྱི་མེད་པ་དང་།2026ལོའི(ཟླ་1ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར)ལོ་ཧྲིལ་པོར་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་གི་ཡོད།
2026ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གཅིག་སྡུད་གྲོན་དངུལ་འཇལ་བའི་དུས་ཚོད་དེ་2025ལོའི་ཟླ་11ཚེས་1ཉིན་ནས་དངོས་སུ་འགོ་ཚུགས་པ་དང་། 2026ལོའི་ཟླ་1ཚེས་31ཉིན་མཇུག་འགྲིལ་རྒྱུ་རེད། དེར་བརྟེན་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚོས་ལོ་རྗེས་མའི(2026ལོའི་ལོ་ཧྲིལ་པོ)སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་རྒྱུན་ཆད་མེད་པར་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱ་ཆེད། ངེས་པར་དུ་གཅིག་སྡུད་གྲོན་དངུལ་འཇལ་བའི་དུས་ཚོད་ནང་དུས་ཐོག་ཏུ་འགན་བཅོལ་ནང་ཞུཊ་པའི་འགྲོ་ལུགས་གཉེར་དགོས་པར་མ་ཟད།གྲོན་དངུལ་འདང་ངེས་སྤྲོད་དགོས་པའི་དྲན་སྐུལ་ཞུས་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社