(པར་ངོས་དང་པོར་མཐུད)ཟླ་8ཚེས་15ཉིན་གངས་ལྗོངས་ཀྱི་འཆར་གཞི། ལྷ་སའི་ལེའུ་གསར་པ་ཞེས་པ་གཙོ་དོན་དུ་བྱས་པའི་འགྲེམས་སྟོན་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེ་ཡོད།
ད་ཐེངས་ཀྱི་རིམ་སྤོར་དེ་བརྒྱུད་རིམ་ཅན་དང་མཐོང་ཐུབ་པའི་དེང་རབས་ཀྱི་འགྲེམས་སྟོན་བྱ་ཐབས་ལ་བརྟེན་ནས་ལྷ་སའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིག་གནས་ཀྱི་ཁྱད་ཆོས་གསེད་བཀྲོལ་གསལ་པོར་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་གཞི་སྔ་བལྟས་ཕྱི་བསམ་གྱི་སྒོ་ནས་བཀོད་ཡོད། འགྲེམས་སྟོན་ཁང་དེ་ཉིད་ལྷ་སའི་རིག་གནས་ཀྱི་གདེང་ཚོད་མངོན་པའི་མིང་བྱང་ལྟ་བུར་གྱུར་པར་མ་ཟད། གྲོང་མི་ཚོས་ཤེས་ཚོར་ཐུབ་པའི་གྲོང་ཁྱེར་གྱི་དྲོད་ཚད་དང་ཡུལ་སྐོར་བས་ཤེས་རྟོགས་ཐུབ་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་གྱི་སྐར་ཁུང་གལ་ཆེན་ཞིག་ཀྱང་བཏོད་ནས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་དེ་བར་མཐོངས་ཀྱི་འཆར་འགོད་བརྒྱུད་མི་སེམས་ལ་ཟུག་པར་བྱས་ཡོད། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཀྲེ་ཡིས།ཕྱིས་འབྱུང་།ང་ཚོས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་ས་བཀྲ་གཅིག་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་གྱི་གཞི་རིས་དང་། གཅིག་གྱུར་གྱི་ཚད་གཞི། གཅིག་གྱུར་གྱི་འཆར་འགོད། གཅིག་གྱུར་གྱི་ལས་སྟེགས་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། མ་ལག་གི་ནུས་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ། འཆར་འགོད་སྤྱོད་གོ་ཆོད་པ་དང་སྤྱོད་བདེ་བ་ཡོང་བའི་འགན་ལེན་བཅས་བྱས་ཏེ།མཐར་རིག་གནས་རྒྱུན་འཛིན་དང་གྲོང་ཁྱེར་འཕེལ་རྒྱས་གཅིག་གྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
གལ་ཏེ་གྲོང་ཁྱེར་འཆར་འགོད་ཀྱིས་རིག་གནས་རྒྱུན་འཛིན་ལ་བར་མཐོངས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ན་གཞོན་ནུ་ལོ་ཆུང་གི་གསར་གཏོད་སྤྲོ་སེམས་འཕེལ་བ་དེས་གནའ་གྲོང་གི་རིག་གནས་ཁྲག་རྒྱུན་ལ་འབྱུང་འགྱུར་ལ་ཕྱོགས་པའི་གསོན་ཤུགས་ཆེན་པོ་ཞིག་བསྣན་སྲིད། 2025ལོའི་ཟླ་7པར།ཧའེ་ནན་སན་ཡ་དུ་གཉེར་བའི་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེན་མོའི་ལེགས་སྐྱེས་འགྲན་བསྡུར་ཐོག ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་འབྲིང་གི་ན་གཞོན་8ཀྱིས་འཚབ་འཚུབ་མེད་པར་འགྲན་བསྡུར་ལ་ཞུགས་པ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཡོད། ཕུགས་འདུན་དོན་དུ་གཉེར་བའི་འགྲན་བསྡུར་གྱི་དམའ་རིམ་སློབ་འབྲིང་ཚོགས་ཆུང་གི་ཛ་དྲག་འགྲན་བསྡུར་ཁྲོད།ཁོང་ཚོས་གནད་སྨིན་གྱི་བཀོལ་སྤྱོད་དང་ཏན་ཏིག་གི་ལག་རྩལ་ལ་བརྟེན་ནས།ཚོགས་པ་དང་མཉམ་ལས་བྱས་ཏེ། འཕྲུལ་མིར་དཀའ་ཚེགས་ཆེ་བའི་འགུལ་སྟངས་རབ་དང་རིམ་པ་ལེགས་སྒྲུབ་བྱེད་དུ་བཅུག་པས། མཐར་ཚོགས་ཆུང་གཉིས་ཀྱིས་ཨང་དང་པོ་དང་གཉིས་པ་བླངས་ནས་རྒྱལ་སྤྱིའི་འགྲན་བསྡུར་དེའི་ཁྲོད་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
གཟི་བརྗིད་ལྡན་པའི་གྲུབ་འབྲས་དེ་དག་ཐོབ་པ་ནི་དགེ་སློབ་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་རྔུལ་ཆུ་དང་བློ་གྲོས་བསྡུས་ཡོད། སྟག་རྩེ་ཆུས་སློབ་འབྲིང་འཕྲུལ་མིའི་ཚོགས་པའི་མཛུབ་ཁྲིད་དགེ་རྒན་ལྷ་མོས། ངའི་ཆེད་ལས་ནི་རྒྱ་ཡིག་རྩོམ་རིག་ཡིན། ཕྲུ་གུ་ཚོར་ཚན་རྩལ་གྱི་ཕུགས་འདུན་སྒྲུབ་རོགས་བྱ་ཆེད། རང་སྦྱོང་བྱས་ནས་སློབ་མ་ཚོར་སློབ་ཁྲིད་བྱས་པ་ཡིན། བསམ་ཡུལ་ལས་འདས་པར་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་དང་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་ནི་ཧང་སངས་དགོས་པ་ཞིག་འདུག ཁོང་ཚོས་གྲུབ་འབྲས་དངོས་ལ་བརྟེན་ནས་གངས་ལྗོངས་གཞོན་ནུའི་གསར་གཏོད་ཀྱི་སྟོབས་ཤུགས་གང་ལེགས་མངོན་པར་བྱས་ཡོད་ཅེས་བཤད། གྲུབ་འབྲས་དེ་ནི་ལྷ་སའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོའི་ཚད་བརྒལ་ཞིག་ཡིན་པར་མ་ཟད། གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན་པས།གསར་གཏོད་ཀྱི་རིག་གནས་དེ་ལྷ་སའི་འབྱུང་འགྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་བཞིན་པ་མཚོན་ཡོད།
འཆར་འགོད་ཀྱི་འཆར་གཞིའི་ཁྲོད་རིག་གནས་ཀྱི་རྩ་བ་བརྟན་པོར་སྲུང་བ་ནས་ཚན་རྩལ་འགྲན་རའི་ཐོག་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བའི་བར།ལྷ་ས་གྲོང་ཁྱེར་གྱི་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ལམ་བུ་དེ་བས་བརྟན་དུ་འགྲོ་བཞིན་ཡོད། འབྱུང་འགྱུར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་དེས་རེས་སྐོར་གཉིས་ལ་བརྟེན་ནས་རྒྱུན་འཛིན་ཁྲོད་ཐོག་མའི་བསམ་འདུན་བརྟན་སྲུང་དང་གསར་གཏོད་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ།རིག་གནས་ཀྱི་འཇམ་ཤུགས་ཆེན་པོ་དེ་ས་མཐོའི་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་བརྟན་པོར་རྒྱུན་མཐུད་ངང་འགྱུར་བར་བྱ་རྒྱུ་རེད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社