ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་12ཉིན།བརྒྱད་གཅིག་ཁྲོམ་གཞུང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་སྡེ་ཁུལ་གྱི་དུས་བདེར་སྲུང་སྐྱོང་བྱེད་ཅེས་པའི་119མེ་ཟོན་དྲིལ་བསྒྲགས་ཟླ་བའི་ཆེད་དོན་ལས་དོན་དང་གྲོང་ཚོ་དང་གྲོང་ལྷན་གྱི་སྐབས་བརྗེའི་དུས་འགོའི་འཕྲལ་སྡོམ་ནང་སྦྱོང་བྱེད་སྒོ་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཆེད་ལས་ཅན་དང་དངོས་འཐབ་ཅན་གྱི་རིམ་སྤེལ་བྱེད་སྒོ་བཀོད་སྒྲིག་བྱས་པ་བརྒྱུད།ཁོངས་གཏོགས་ཁུལ་གྱི་གྲོང་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་།རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་ལ་ཁྲོམ་གཞུང་དང་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་དེ་བཞིན་སྡེ་ཁུལ་གྱི་འཕྲལ་སྡོམ་ཐག་གཅོད་དང་མཐུན་སྦྱོར་མཉམ་འགུལ་གྱི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད།
ད་ཐེངས་ཀྱི་ཆེད་དོན་ལས་དོན་དེ་མེ་སྐྱོན་དང་། རླངས་འཁོར་གྱི་ཆག་སྒོ། ཆུར་ལྷུང་བ་སོགས་ཐོལ་བྱུང་གི་དོན་རྐྱེན་མང་པོར་དམིགས་ནས་སྤེལ་ཡོད་ཅིང་། ཆེད་ལས་སློབ་ཁྲིད་དང་། དངོས་འཐབ་ནང་སྦྱོང་། ཡུལ་དངོས་ཀྱི་དཔྱད་བརྗོད། ཤེས་བྱའི་དྲི་བ་དྲིས་ལན་བཅས་ལྟེ་བའི་ལྷུ་ཚིགས་ཆེན་པོ་བཞི་གསར་གཏོད་རང་བཞིན་གྱི་སྒོ་ནས་བཀོད་སྒྲིག་བྱས་ཏེ།རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལག་ལེན་བཀོལ་སྤྱོད། བསྐྱར་ཟློས་མཐོར་གཏོང་། དྲན་ཤེས་སྲ་བརྟན་བཅས་ཆ་ཚང་བའི་ལྷུ་ཚིགས་ཤིག་གྲུབ་ཡོད། ཆེད་ལས་སློབ་ཁྲིད་ལྷུ་ཚིགས་སུ་འཕྲལ་སྡོམ་རོགས་སྐྱོབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ།ཐོལ་བྱུང་དོན་རྐྱེན་སྔོན་འགོག་གི་གཙོ་གནད་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ། རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ཐབས་རྩལ་བཅས་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། དངོས་འཐབ་ནང་སྦྱོང་གི་ལྷུ་ཚིགས་སུ་ཐོལ་བྱུང་གི་རྣམ་པ་ངོ་མར་ལད་མོ་བྱས་ཏེ་ཉེན་ཁའི་གནས་ཚུལ་གོང་ཞུ་དང་། མི་སྣ་ཁ་འགྲེམས། ཡུལ་དངོས་སུ་རོགས་སྐྱོབ་བཅས་བྱས་ནས་སྒྲིག་ལམ་སྲུང་སྐྱོང་དང་འཕྲལ་སྡོམ་དང་ལེན་གྱི་བརྒྱུད་རིམ་ཧྲིལ་པོའི་བར།ནང་སྦྱོང་ཁྲོད་ཞུགས་མཁན་ཚོར་ཛ་དྲག་ལ་གོ་རིམ་ལྡན་པའི་རྩལ་ནུས་ལ་སྦྱོང་བརྡར་ཐེབས་པར་བྱས་ཡོད།
བརྒྱད་གཅིག་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ལེང་ཡུས་ཀྱིས།བརྒྱད་གཅིག་ཁྲོམ་གཞུང་གིས་119དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་སྤྱད་དེ་བདེ་འཇགས་དོགས་ཟོན་དེ་གཞན་གྱིས་ཁ་གཏད་གཅོག་པ་ནས་རང་འགུལ་ངང་སྔོན་འགོག་ཚོད་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཐོག་གྲོང་མིས་སྤྱོད་གོ་ཆོད་པའི་འཕྲལ་སྡོམ་གྱི་རྩལ་ནུས་དངོས་ཁོང་དུ་ཆུད་པར་མ་ཟད། ཁྲོམ་གཞུང་དང་། སྡེ་ཁུལ། དང་བླངས་རུ་ཁག་སོགས་ཕྱོགས་མང་པོའི་རོགས་སྐྱོབ་སྟོབས་ཤུགས་མཉམ་འགུལ་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་འགོག་སྲུང་དྲ་བ་དམ་དུ་བཏང་ཡོད། ང་ཚོས་བྱེད་སྒོ་དེ་རིགས་བརྒྱུད་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པའི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་འཕྲལ་སྡོམ་དོ་དམ་མ་ལག་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། གྲོང་མི་ཚོ་དེ་བས་བློ་བདེ་བག་ཕེབས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
བརྒྱད་གཅིག་ཁྲོམ་གཞུང་འདམ་ར་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པ་པད་མ་ཚེ་བརྟན་གྱིས།སྡེ་ཁུལ་གྱི་དྲ་མིག་པ་དང་འཕྲལ་སྡོམ་རོགས་སྐྱོབ་དང་བླངས་རུ་ཁག་གི་ཁོངས་མིའི་མིང་ཐོག་ནས་དངོས་འཐབ་ནང་སྦྱོང་ཁྲོད་ཐེངས་གསུམ་ཞུགས་པ་ཡིན། ད་ཐེངས་ཀྱི་ནང་སྦྱོང་ལས་རང་ཉིད་ཀྱིས་ཛ་དྲག་གི་གནས་ཚུལ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལ་ངོས་འཛིན་དེ་བས་གསལ་བ་བྱུང་བར་མ་ཟད། ཚོགས་པའི་མཉམ་ལས་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་སོང་། སླད་ཕྱིན་ང་ཚོས་ད་ཐེངས་ཀྱི་ནང་སྦྱོང་ཁྲོད་སྦྱངས་པའི་ཤེས་བྱ་དང་རྩལ་ནུས་དག་ལས་དོན་དངོས་ཀྱི་ཁྲོད་སྤྱོད་རྒྱུ་དང་།མེ་ཟོན་བདེ་འཇགས་ལས་དོན་དེ་བས་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
ཕྱིས་འབྱུང་།བརྒྱད་གཅིག་ཁྲོམ་གཞུང་གིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ།མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་མུ་མཐུད་དེ་གཏིང་ཟབ་སྤེལ་ནས་རྒྱུན་རྣམ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་ལམ་སྲོལ་འཛུགས་རྒྱུ་རེད། དུས་བཀག་ལྟར་རྣམ་པ་སྣ་ཚོགས་ཀྱི་བདེ་འཇགས་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་གྱི་ཆེད་ལས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གྲོང་མིར་དེ་བས་བདེ་འཇགས་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་འཚོ་བའི་ཁོར་ཡུག་གཏོད་རྒྱུ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社