(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་ཚུལ་ཡག་པོ་ཡོད་དེ། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་བརྒྱ་ཆ་5.2ཟིན་པ་དང་། གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་4འཕར་ཡོད། གྲུབ་འབྲས་འདི་ནི་ཕྱི་ནང་གི་དཀའ་ངལ་ཁྱད་བསད་བྱས་པ་ལས་ཐོབ་པ་ཞིག་ཡིན་ཞིང་། ལས་སླ་པོར་ཐོབ་པ་ཞིག་མིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བར་གཞི་ཁྱོན་དང་ལྡེམ་ཤུགས། མི་མངོན་པའི་སྟོབས་ཤུགས་བཅས་ཚང་མ་ཅུང་ཆེན་པོ་ལྡན་ཡོད་པས། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་སེམས་ཤུགས་ཡོད་ལ་ནུས་པ་ཡང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ལོ་ངོ་70ལྷག་ཙམ་རིང་། ང་ཚོས་འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པ་དང་། སུ་ཞིག་ལ་འགྲན་སློང་དང་སུ་ཞིག་གི་ཚབ་བྱེད་པའི་བསམ་པ་གཏན་ནས་མི་བཅངས་པར་བློ་གཅིག་སེམས་གཅིག་གིས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཤིང་།རང་ཉིད་སྔར་བས་ཡར་རྒྱས་ཡོང་བར་བྱས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་དང་གོང་འཕེལ་གྱི་གོ་སྐབས་ཀྱང་མཉམ་སྤྱོད་བྱས་ཡོད། དེ་ནི་ཀྲུང་གོ་ལེགས་གྲུབ་བྱུང་བའི་ཐབས་ལམ་གལ་ཆེན་དེ་ཡིན། ཀྲུང་གོས་སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་འབོར་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པས། དེས་ཀྲུང་གོ་དང་ཨ་རིའི་མཉམ་ལས་ལ་བར་མཐོངས་དེ་བས་རྒྱ་ཆེ་བ་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་དཔལ་འབྱོར་ཉོ་ཚོང་གི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཡོད་ཅིང་། གནད་དོན་ཐག་གཅོད་བྱེད་པའི་ཐུན་མོང་ངོས་འཛིན་གྲུབ་ཡོད། ཕྱོགས་གཉིས་པོའི་ཚོགས་པས་རྗེས་མཐུད་ཀྱི་ལས་དོན་དག་གང་མགྱོགས་ཞིབ་གཉེར་དང་གཏན་འཁེལ་བྱས་ནས། ཐུན་མོང་ངོས་འཛིན་སྲུང་སྐྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་ལ་སེམས་རྣལ་རིལ་བུ་ལྟ་བུ་ཞིག་སྦྱིན་དགོས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཉེ་ཆར་བར་ཆད་འཕྲད་པ་དེས་ཀྱང་ཕྱོགས་གཉིས་པོར་བློ་སྒོ་འགའ་ཕྱེ་ཡོད། དཔལ་འབྱོར་ཉོ་ཚོང་དེ་ཉིད་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གནོན་རྡོ་དང་སྐུལ་འདེད་ཡོ་བྱད་ལྟ་བུར་འགྱུར་བ་བྱེད་པ་ལས། བཀག་རྡོ་དང་འགལ་རྐྱེན་ཐོན་སར་འགྱུར་རྒྱུ་མ་རེད། ཕྱོགས་གཉིས་པོས་རྩིས་ཆེན་པོ་རྒྱག་པ་དང་མཉམ་ལས་ལས་བྱུང་བའི་ཕུགས་ཀྱི་ཁེ་ཕན་ལ་མང་ཙམ་ལྟ་དགོས་པ་ལས། ཕན་ཚུན་འཁོན་ལན་སློག་པའི་འཁོར་རྒྱུག་ངན་པའི་ནང་མི་ཚུད་པ་བྱ་དགོས། ཕྱོགས་གཉིས་པོའི་ཚོགས་པས་མུ་མཐུད་དེ་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་གྲོས་མོལ་བྱས་ནས། རྒྱུན་ཆད་མེད་པར་གནད་དོན་གྱི་གསལ་ཐོ་ཉུང་དུ་གཏོང་བ་དང་མཉམ་ལས་ཀྱི་གསལ་ཐོ་རིང་དུ་གཏོང་ཆོག་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་གླེང་མོལ་བྱེད་པ་ནི་འགྲན་རྒོལ་ལས་ཡག་པ་ཡོད། ཀྲུང་གོ་དང་ཨ་རིའི་དབར་གྱི་ཐབས་ལམ་ཁག་དང་རིམ་པ་ཁག་གི་འབྲེལ་གཏུཊ་རྒྱུན་འཁྱོངས་བྱས་ནས་ཤེས་རྟོཊ་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་པོར་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པ། མི་ཐབས་རིག་ནུས། འགོས་ནད་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ནང་མཉམ་ལས་ཀྱི་མདུན་ལྗོངས་ཡག་པོ་ཡོད་པས། ཁ་གཏད་ཚན་པས་གླེང་མོལ་སྤེལ་རེས་ལ་ཤུཊ་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་བྱ་དགོས། ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་སུ་ཡང་ཀྲུང་གོ་དང་ཨ་རིས་མཉམ་འགུལ་བཟང་པོ་བྱ་དགོས། དེང་གི་འཛམ་གླིང་ལ་ད་དུང་དཀའ་གནད་མང་པོ་ཡོད་པས། ཀྲུང་གོ་དང་ཨ་རིས་རྒྱལ་ཁབ་ཆེན་པོའི་འགན་སེམས་མཉམ་དུ་མངོན་པ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་ཐོགས་ཡོད་པའི་དོན་ཆེན་དང་དོན་དངོས། དོན་བཟང་བཅས་མང་ཙམ་བསྒྲུབ་ཆོག དུས་སང་ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། ཨ་རིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་རེད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་གྱིས་དབུ་ཚོགས་དེ་གཉིས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་ཆེད་ལེགས་སྐྱེས་འབུལ་ཆོག་ཅེས་ནན་གསུངས་གནང་ཡོད།
ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་མི་རྣམས་ཀྱི་བརྩི་བཀུར་ཐོབ་པའི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་ཡིན་ལ། ང་རང་གི་ལོ་མང་རིང་གི་གྲོཊ་པོ་ཡག་པོ་ཞིག་ཀྱང་ཡིན་པས། ང་གཉིས་ཀྱི་གླེང་མོལ་ཧ་ཅང་སྤྲོ་པོ་བྱུང་། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡག་པོ་ཡོད་པ་དང་། འབྱུང་འགྱུར་དེ་བས་ཡག་ཏུ་འགྲོ་ངེས་རེད། ཀྲུང་གོ་དང་ཨ་རི་གཉིས་ཀའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་རེ་བ་ཡོད། ཀྲུང་གོ་ནི་ཨ་རིའི་རོགས་ཟླ་ཆེ་ཤོས་དེ་ཡིན། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ཚེ་འཛམ་གླིང་ཐོག་དོན་ཆེན་མང་པོ་བསྒྲུབ་ཐུབ་པ་དང་། འབྱུང་འགྱུར་ཨ་རི་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་སྲིད། ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོཊ་འདུ་འཚོག་རྒྱུ་དང་། ཨ་རིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཚོགས་འཚོག་རྒྱུ་ཡིན་པས། ཕྱོགས་གཉིས་ཀ་ལེགས་འགྲུབ་ཡོང་བ་མཐོང་འདོད་འདུག་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མོས་མཐུན་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱུན་གཏན་རང་བཞིན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་ཡོད། ཐེ་རོན་ཕུས་སང་ལོའི་དུས་ཚོད་སྔ་ཙམ་ཞིག་ལ་ཀྲུང་གོར་འཚམས་འདྲི་ཞུ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲིར་ཕེབས་རྒྱུར་གདན་ཞུ་བྱས་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཛོམས་ནང་ཞུགས་ཡོད།(བུ་ཆུང་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社