ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གྲོང་ཁྱེར་མ་འཇོག་སྐུལ་འདེད་ཅུས་ཀྱིས་བོད་ལྗོངས་སློབ་ཆེན་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་ཧོའུ་ཞ་གདན་དྲངས་ནས། རང་གྲོང་གི་མ་འཇོག་སྐུལ་འདེད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་ལས་བགོས་འགོ་ཁྲིད་དང་ལས་སྒོའི་རྐང་འཛིན་པར《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་ཆེད་དོན་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི་གྲོང་ཁྱེར་མ་འཇོག་སྐུལ་འདེད་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་སྐུལ་སློང་དང་བཀོད་སྒྲིག་བསྐྱར་མ་བྱས་པ་ཞིག་ཡིན་ལ། གློད་སྡོམ་ཞབས་གསུམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་པས། ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། གསོ་སྦྱོང་བྱེད་རིང་། ཧོའུ་ཞ་ཡིས《སྲོལ་ཡིག》གི་ནང་དོན་དང་ཟུང་འབྲེལ་བྱས་ཏེ། 《སྲོལ་ཡིག》གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། དོན་ཚན་གཙོ་བོ་བཅས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་འབྲེལ་སྲིད་གཞུང་གི་འགན་ནུས་སྡེ་ཚན་དང་། ཁེ་ལས། ཚོང་ལས་མཐུན་ཚོགས་སོགས་འགན་འཁྲིའི་བྱེད་པོ་མི་འདྲ་བར་དམིགས་ནས་ཕྱོགས་ཁག་གི་ཁེ་དབང་དང་འོས་འགན་ལ་འགྲེལ་བཤད་གསལ་པོ་བྱས་པ་རེད།
བརྒྱུད་རིམ་ལྡན་ལ་གཏིང་ཟབ་པའི་གསལ་འགྲེལ་དང་སྤེལ་རེས་བྱས་པ་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་མི་སྣ་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་རྟོགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས། ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བསམ་བློའི་རྨང་གཞི་ནུས་ལྡན་ངང་བརྟན་དུ་ཕྱིན་ཡོད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཡིད་རྟོན་ལྟ་འདོམས་ཁོའོ་ཡི་རིམ་པ་དང་པོའི་ཀྲུའུ་རེན་དང་ཁོའོ་ཡོན་ཧུའུ་ཤིན་ཧྥང་གིས། ང་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ནས། 《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》གི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་དེ་སྲིད་དོན་ཞབས་ཞུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ། ཚོང་གཉེར་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་རྒྱ་ཆེའི་ཁྲོམ་རའི་བྱེད་པོར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社