ཉེ་ཆར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2025ལོའི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་བསྡུ་ལེན་ལས་དོན་ཚོགས་འདུ་དང་གོང་གི་དུས་ཚིགས་གསུམ་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་འཁོར་སྐྱོད་གནས་ཚུལ་སྐོར་གྱི་གྲངས་གཞི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་“བསྐྱོད་པ་གསུམ”གྱི་ལས་དོན་དང་ཐད་ཀར་བསྡོམས་རྩིས་གསར་སྣོན་བྱེད་པའི་ལས་དོན་གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་། གནད་ལ་འཁེལ་བའི་ཐབས་ཇུས་རབ་དང་རིམ་པ་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐེབས་རྩའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་བཏང་ཡོད།
ཐེབས་རྩ་འཁོར་སྐྱོད་བརྟན་ལ་གོ་རིམ་སྒྲིག་ལྡན་ཡོང་བར་བྱས་ཏེ་དམངས་འཚོ་འགན་སྲུང་གི་མཐའ་ཚད་བརྟན་དུ་གཏོང་དགོས།
ཡོངས་བསྒྲགས་ཚོགས་འདུའི་གྲངས་གཞིར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱི་ཡོངས་ནས་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་རིམ་གསུམ་བརྟག་ཞིབ་པ་ལི་ཧའེ་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་གོང་གི་དུས་ཚིགས་གསུམ་གྱི་ནང་གྲོང་ཁྱེར་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་55.52ཟིན་པའི་ཁྲོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་16.76དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་38.76ཟིན་ཡོད། སྨན་བཅོས་འགན་བཅོལ་ཐེབས་རྩ་ཁག་གི་གཏོང་ཡོང་དང་དེ་བཞིན་ལྷག་འཕྲོའི་གྲངས་གཞི་གསལ་པོ་མངོན་པ་དེས་སྨན་བཅོས་འགན་བཅོལ་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཡོད། ཚོགས་འདུའི་ཐོག་ཐེབས་རྩའི་སྔོན་རྩིས་དོ་དམ་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་ཐེབས་རྩའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་འཛིན་ནན་པོ་བྱས་ཏེ་སྲོག་སྐྱོབ་དངུལ་ལ་འགན་ལེན་ཐུབ་པར་བྱེད་དགོས།
བསྡོམས་རྩིས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་རིམ་སྤོར་ཚོད་ལྟ་བྱས་ནས་ལས་ཕྱོད་ཆེ་རུ་གཏོང་དགོས།
སྨན་བཅོས་འགན་བཅོལ་ཐེབས་རྩའི་བསྡོམས་རྩིས་བརྒྱུད་རིམ་ལེགས་སུ་གཏོང་བ་དང་མ་དངུལ་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་དུས་ཐོག་བསྡོམས་རྩིས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད། མིག་སྔར་སྨན་ཁང་གཉིས་ཚོད་ལྟའི་ཚན་པ་ཁག་དང་པོའི་གྲས་སུ་གཏན་འཁེལ་བྱས་པ་དང་འབྲེལ།2025ལོའི་ཟླ་8པར་འབྲེལ་ཡོད་ལས་སྒོ་བདེ་བླག་ངང་སྤེལ་ནས་བསྡོམས་རྩིས་བྱེད་སྟངས་གསར་པ་བཏོད་ཡོད། མིག་སྔའི་བར་བསྡོམས་རྩིས་བྱས་ནས་གཟའ་འཁོར་གྱི་གཏོང་སྤྲོད་ཁག་10ལེགས་གྲུབ་བྱུང་བ་དང་། བསྡོམས་རྩིས་མི་ཐེངས་6117བྱས་པ། མ་དངུལ་སྒོར་ཁྲི་4419.54གཏོང་སྤྲོད་བྱས་པ་རེད།
“བསྐྱོད་པ་གསུམ”གྱི་ཁྱབ་རྒྱ་དང་ནུས་ཕྱོད་ཆེ་རུ་བཏང་ནས་དམངས་ཕན་སྲིད་ཇུས་ལེགས་སུ་གཏོང་དགོས།
གཅིག་སྡུད་ཀྱི་འབོར་བཅད་ཉོ་སྒྲུབ་ནི་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆའི་རིན་གོང་དམའ་རུ་གཏོང་བ་དང་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་པོ་ཡང་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན། ཐེངས་འདིའི་ཚོགས་འདུའི་ཐོག་གཅིག་སྡུད་ཉོ་སྒྲུབ་ཀྱི“བསྐྱོད་པ་གསུམ”(གཅིག་སྡུད་ཉོ་སྒྲུབ་དེ་གཞི་རིམ་སྨན་བཅོས་ཀྱི་སྒྲིག་གཞིར་བསྐྱོད་པ་དང་། དམངས་གཉེར་སྨན་བཅོས་ཀྱི་སྒྲིག་གཞིར་བསྐྱོད་པ་པ། སིལ་ཚོང་སྨན་ཁང་དུ་བསྐྱོད་པ)དེ་སྲིད་ཇུས་ཀྱི་ཕན་པ་ཐོབ་ཚད་རྒྱ་ཆེར་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུ་དང་ཆ་འཕྲིན་ཅན་ལྟེ་གནས་ཀྱི་ལས་དོན་པ་པདྨ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཇུས་གཞི་གཞིར་བཟུང་ནས་དུས་མགོའི་གྲ་སྒྲིག་ལེགས་གྲུབ་བྱུང་བ་སྟེ། སིལ་ཚོང་སྨན་ཁང་37དང་དམངས་གཉེར་སྨན་བཅོས་ཀྱི་སྒྲིག་གཞི་4གྲུབ་འབྲས་ཐོབ་པའི་ངང་ཞུགས་སུ་བཅུག་ནས་ལས་སྟེགས་ཀྱི་ཐོ་ཁོངས་ཐོ་འགོད་དང་། ཁས་ལེན་དཔང་འདོན་དང་གཅིག་སྡུད་ཉོ་སྒྲུབ་སྨན་རྫས་དཀར་ཆག་བརྒྱུད་བསྒྲཊ་སོཊ་ཀྱི་ལས་དོན་བསྒྲུབས་ཡོད།
སླད་ཕྱིན།རང་གྲོང་གིས“བསྐྱོད་པ་གསུམ”གྱི་ཚན་པར་གཅིག་གྱུར་བཞིའི་ཚད་གཞི(གཅིག་སྡུད་ཉོ་སྒྲུབ་སྨན་རྫས་ཆེད་འཚོང་ཁུལ་དང་། མཚོན་རྟགས་གཉིས་ཁྱབ་བསྒྲགས། རིན་གོང་ཁས་ལེན། བློ་འདྲི་དང་ཞུ་གཏུགས་ཁ་པར་བཅས་གཅིག་གྱུར)ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ཁོང་ཚོར་ཉོ་སྒྲུབ་ཐེངས་དང་པོ་བྱས་རྗེས་ཉོ་འཚོང་གྲོས་མཐུན་འཇོག་རྒྱུར་མཛུབ་ཁྲིད་བྱས་ཏེ་གཅིག་སྡུད་ཉོ་སྒྲུབ་ལས་དོན་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ལེགས་བཟང་གིས་ང་ཚོས་ནུས་ཤུགས་ཡོད་རྒུས་དམངས་གཉེར་སྒྲིག་གཞི་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་སིལ་ཚོང་སྨན་ཚོང་ཁང་དོ་དམ་ཚད་ལྡན་དུ་བཏང་སྟེ་གཅིག་སྡུད་ཉོ་སྒྲུབ་སྲིད་ཇུས་ཀྱིས་མང་ཚོགས་ལ་ཕན་པ་ཐོབ་པའི་མཐའ་མའི་འགག་གནད་བསལ་ཏེ་སྒྱུར་བཅོས་ཀྱི་ཁེ་སྤོགས་ཀྱིས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་སྦྱིན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ལེགས་བཟང་གིས་སྨན་བཅོས་འགན་བཅོལ་སྡེ་ཁག་དང་། སྨན་བཅོས་སྒྲིག་གཞི། སིལ་ཚོང་སྨན་ཚོང་ཁང་བཅས་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཐེབས་རྩའི་བདེ་འཇགས་ཐུན་མོང་ཐོག་གཏན་འཁེལ་བྱས་ཏེ་གཅིག་སྡུད་ཉོ་སྒྲུབ་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ལས་ཀའི་ཞན་ཆ་བསལ་ཏེ་ཉོ་སྒྲུབ་ལག་བསྟར་བྱེད་ཚད་མཐོ་རུ་གཏོང་རྒྱུ་ཡིན། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་གིས་བྱེད་ཐབས་སྔར་ལས་ནུས་ལྡན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་བཅོས་དངུལ་དང་སྲོག་སྐྱོབ་དངུལ་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་གི་ཁེ་དབང་འགན་སྲུང་དང་བདེ་ཞིང་སྐྱིད་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社