ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་ཆེན་དང་། བོད་ལྗོངས་སློབ་ཆེན་ལམ་ཆེན། གཙང་འགྲམ་སྤྱི་གླིང་སོགས་སུ་སྟོན་གྱི་རྣམ་པས་ཡོངས་སུ་ཕྱུག་ཡོད་ཅིང་། བདག་སྐྱོང་ཞིབ་ཚགས་བྱས་པའི་གྲོང་ཁྱེར་གྱི་སྔོ་འགྱུར་ས་ཁོངས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད། གྲོང་མི་ཚོས་ཁྲོམ་གཞུང་དང་སྤྱི་གླིང་དུ་འཆམ་འཆམ་བྱེད་སྐབས་མིག་ལམ་དུ་འཆར་བ་ནི་སེར་མདོག་དང་སྔོ་ལྗང་མཉམ་དུ་སྡེབ་པའི་སྟོན་གྱི་རྣམ་པ་ཡིན་པ་དང་། སྟོན་དུས་ཀྱི་བསིལ་རླུང་ཁྲོད་ཁོར་ཡུག་གི་མཛེས་པ་ལོངས་སུ་སྤྱོད་པ་དང་ཆབས་ཅིག་ཏུ་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་མཆིས།
ཅང་སུའུ་ལམ་ཆེན་དུ་སྐྱོད་སྐབས་འགྲོ་ལམ་ཐོག་སྐྱེས་པའི་ཤིང་སྡོང་གི་ལོ་མ་དག་ད་ཆ་སེར་མདོག་ཏུ་གྱུར་ཡོད། ཡུལ་ལྗོངས་དེས་རྐང་ཐང་མར་སྐྱོད་མཁན་ལ་སྟོན་གྱི་རྣམ་པ་ཟབ་མོ་ཞིག་ཚོར་ཐུབ་པར་མ་ཟད། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་རྣམས་ལ་སྟོན་གྱི་རི་མོའི་ཁྲོད་དུ་རྒྱུ་བའི་སྣང་བའང་འཆར་གྱིན་ཡོད། བོད་ལྗོངས་སློབ་ཆེན་ལམ་ཆེན་ཐོག་ཏུ་སྟོན་དུས་ཀྱི་འགྱུར་ལྡོག་ལས་ཉེ་འཁོར་གྱི་གྲོང་མི་ཚོའི་སེམས་པར་སྤྲོ་སྣང་སྦྱིན་ཡོད་ཅིང་། མི་བགྲོད་ལམ་རྒྱུད་ཀྱི་སྔོ་ལྗང་ཁུལ་དུ་ས་མཐོའི་གནམ་གཤིས་དང་འཚམ་པའི་གསོམ་ཤིང་སྔར་བཞིན་སྔོ་ཐིང་ཐིང་དུ་གནས་ཡོད་པས། གྲོང་མི་ཚོའི་སྟོན་དུས་ཀྱི་སྤྲོ་གསེང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
གྲོང་མི་ཝུའུ་ཡེ་ཤིང་གིས། དེ་སྔ་ཅང་སུའུ་ལམ་ཆེན་དུ་སྐྱོད་སྐབས་ལམ་གཡས་གཡོན་དུ་ཤིང་ཆེན་པོ་མེད་པའི་རྐྱེན་གྱིས་ཉི་མའི་འོག་ཏུ་རྐང་ཐང་མར་སྐྱོད་སྐབས་ཚ་བ་ཆེན་པོ་ཡོད། ད་ཆ་གཞོགས་གཉིས་ཀྱི་ཤིང་སྡོང་གི་ལོ་མ་རབ་ཏུ་རྒྱས་ཡོད་པས་ལམ་བར་དུ་ཉི་འོད་འགོག་ཐུབ་པ་དང་དཀའ་ལས་ཁག་དུས་བསིལ་གྲིབ་འོག་ཏུ་ཡོད་པའི་རྐུབ་སྟེགས་ཐོག་ངལ་གསོ་རྒྱག་ཆོག་པས་སེམས་པའང་སྐྱིད་དུ་ཕྱིན་སོང་ཞེས་བཤད།
གྲོང་མིའི་སྟོན་དུས་ཀྱི་སྤྲོ་གསེང་བྱ་ཡུལ་མང་ཤོས་ཀྱི་གྲས་ཤིག་ཡིན་པའི་གཙང་འགྲམ་སྤྱི་གླིང་གི་སྟོན་དུས་ཀྱི་རྣམ་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད། དྭངས་ཤིང་གཙང་བའི་ཆུ་བོའི་འགྲམ་དུ་སྐྱེས་པའི་རྩྭ་དང་རྩི་ཤིང་སེར་པོར་གྱུར་ཡོད་ཀྱང་གསོན་ཤུགས་ཉམས་མེད་ཅིང་། གྲོང་མི་མང་པོ་ཞིག་གིས་ཕྲུ་གུ་ཁྲིད་དེ་དྲོད་འཇམ་ཉི་འོད་དང་སྟོན་དུས་ཀྱི་རྣམ་པར་རོལ་བཞིན་ཡོད། གྲོང་མི་འཇམ་དབྱངས་ཀྱིས། དེ་སྔ་ལམ་གྱི་གཡས་གཡོན་གཉིས་སུ་ཤིང་སྡོང་མང་པོ་དེ་ཙམ་མེད། ད་ཆ་སྒོའི་ཕྱིར་ཐོན་མ་ཐག་སྔོ་ཐིང་ཐིང་གི་ཡུལ་ལྗོངས་མཐོང་རྒྱུ་ཡོད་པས། དགོང་མོ་ཟ་མ་བཟས་རྗེས་འདིར་འཆམ་འཆམ་དུ་ཡོང་མཁན་ཡང་མང་པོ་ཡོད་ཅེས་བཤད།
འགྲོ་ལམ་རྒྱུད་ནས་སྤྱི་གླིང་གི་སྤང་ལྗོངས་བར་ལྷ་ས་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་ལས་སྟོན་དུས་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་པར་མ་ཟད། གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན་གྱི་སྔོ་འགྱུར་འཛུགས་སྐྲུན་ཐད་ས་མཐོའི་འབྱུང་ཁམས་ཀྱི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ཐན་པ་ཐེག་ཐུབ་པ་དང་གྲང་ངར་འགོག་ཐུབ་པར་མ་ཟད། སྟོན་དུས་ཀྱི་མཛེས་ལྗོངས་རང་བཞིན་ཆེ་བའི་ས་གནས་དེ་གར་འཚམ་པའི་རྩི་ཤིང་བདམས་ནས་སྔོ་ཁེབས་གསོན་ཚད་ལའང་འགན་ལེན་བྱས་པའི་ཁར་སྟོན་དུས་ཀྱི་གྲོང་ཁྱེར་ལ་གསོན་ཤུགས་ལྡན་པར་བྱས་ཡོད། ད་ཆ་སྟོན་དུས་ཀྱི་སྔོ་ལྗང་རྣམ་པ་དེ་ལྷ་སའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་མིང་བྱང་ལྟ་བུར་གྱུར་པ་དང་། སྟོན་དུས་ཀྱི་སྔོ་ལྗང་ལམ་བུ་དང་འབྱུང་ཁམས་སྤྱི་གླིང་རེ་རེ་ལས་གྲོང་ཁྱེར་ལ་འབྱུང་ཁམས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་པར་མ་ཟད། གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་ཡང་དེ་བས་ཟབ་ཏུ་ཕྱིན་ཡོད།
རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་སྔོ་འགྱུར་བདག་སྐྱོང་དོ་དམ་ལས་དོན་མུ་མཐུད་དེ་ཡག་པོ་སྒྲུབ་པ་དང་།སྟོན་དུས་ཀྱི་མཛེས་ལྗོངས་བཀོད་པ་ལེགས་སུ་བཏང་ནས་སྟོན་དུས་ཀྱི་ལྗང་མདོག་བར་མཐོངས་དེ་བས་མང་བ་གྲོང་མིའི་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། སྟོན་དུས་ཀྱི་འབྱུང་ཁམས་མཛེས་སྡུག་ལ་བརྟེན་ནས་ས་མཐོའི་གནས་འཕྲོད་ལ་འཚམ་པའི་གྲོང་ཁྱེར་གྱི་གྲཊ་རྟགས་བཏོད་དེ་གྲོང་ཁྱེར་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社