分享按钮

ཀྲུང་དབྱང་སྨྱན་སྦྱོར་དང་དྲ་རྒྱའི་གྲགས་ཅན་མི་སྣས་ལྷ་སའི་སྡེ་ཁུལ་གྱི་དྲོ་སྐྱིད་དང་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་བཟང་པོའི་ཐད་བཅར་འདྲི་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་14ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པ་སྟེ།ཡིད་དབང་འཕྲོག་པའི་ལྷ་ས་གསར་པ། བདེ་སྐྱིད་ལྡན་པའི་ས་མཐོའི་གྲོང་ཁྱེར་ཞེས་པའི་ཀྲུང་དབྱང་སྨྱན་སྦྱོར་དང་དྲ་རྒྱའི་གྲགས་ཅན་མི་སྣའི་བཅར་འདྲིའི་བྱེད་སྒོ་དེ་ལྷ་སའི་སྡེ་ཁུལ་དང་སྤྱི་གླིང་དུ་སྤེལ་ཞིང་། པར་ཆས་དང་ཡི་གེར་བརྟེན་ནས་ས་མཐོའི་གནའ་གྲོང་དེའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་དང་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་ཟིན་ཐོར་བཀོད་པ་དང་།མི་རིགས་མང་པོ་སྡེ་ཁུལ་དུ་གཅིག་ཏུ་འཚོ་སྡོད་བྱེད་བཞིན་པ་དང་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

ཚེས་གསུམ་ཐང་སྡེ་ཁུལ་དང་བར་སྐོར་ཁྲོམ་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་སྲང་ལམ་དུ་སྐྱོད་སྐབས། དམངས་གཞས་འཚོལ་བསྡུ་ཚོགས་པས་གཙང་སྦྲ་དོད་པའི་ཁྲོམ་གཞུང་བརྒྱུད་སྡེ་ཁུལ་འཕེལ་རྒྱས་ཀྱི་རྣམ་པར་བཅར་འདྲི་བྱས་པ་རེད། སྡེ་ཁུལ་ཞབས་ཞུ་ལྟེ་གནས་སུ་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ཅིང་། སྤྱི་པའི་རིག་གནས་བར་མཐོངས་གསར་པའི་རྣམ་པ་མངོན་གསལ་དོད་པ་དང་། སྡེ་ཁུལ་ཟ་ཁང་གི་ཚལ་གྱི་དྲི་མ་ཞིམ་པ། གྲངས་འཛིན་ཅན་གྱི་རིག་ནུས་སྡེ་ཁུལ་གྱི་སྟབས་བདེའི་ནུས་པ་ཆེ་བ་བཅས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་དང་མཉམ་འདྲེས་བྱུང་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་གསོན་ཉམས་དོད་པའི་རྣམ་པ་ཐུན་མོང་ཐོག་མངོན་ཡོད། དེའི་ནང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་ཞིབ་ཚགས་ཅན་གྱི་ཐོག་ནས་སྡེ་ཁུལ་བཅོས་སྐྱོང་བྱེད་པའི་ལས་ཀའི་རྣམ་པ་ཟབ་ཏུ་བཏང་ཡོད་ཅིང་། ལྷག་པར་དུ་བཅར་འདྲི་ཚོགས་པས་དོ་ཁུར་དང་འཕྲིན་སྤེལ་གཏིང་ཟབ་བྱས་པ་སྟེ། སྡེ་ཁུལ་གྱིས་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་དཀའ་གནད་སེལ་བ་དང་ཞབས་ཞུ་སྡེ་ཁུལ་གྱི་ས་ཆ་གང་སར་ཁྱབ་པར་བྱས་ཡོད། བྱ་ཐབས་དེས་སྡེ་ཁུལ་གྱི་ལས་དོན་ཐག་གཅོད་ཀྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པར་མ་ཟད། མི་རིགས་ཁག་གི་གྲོང་མི་ཚོས་ཁྱིམ་གྱི་སྒོ་འགྲམ་དུ་དྲོ་སྐྱིད་ལྡན་པའི་ཞབས་ཞུ་ཚོར་ཐུབ་པ་བྱུང་ནས་མི་རིགས་མང་པོའི་སྡེ་ཁུལ་འཛུགས་སྐྲུན་ལ་བཅོས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།ཞིབ་ཚགས་ཅན་གྱི་ཐོག་ནས་སྡེ་ཁུལ་བཅོས་སྐྱོང་བྱེད་པའི་ནང་དོན་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་སྟེ།ལམ་སྲོལ་ལེགས་གཏོང་དང་ཞབས་ཞུ་རིམ་སྤོར་ཐད་སླར་ཡང་ཤུགས་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཀྱི་རིམ་པ་དེ་བས་ཟབ་པ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ཚེས་གསུམ་ཐང་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པ་བསྟན་འཛིན་སྒྲོལ་མས་སྡེ་ཁུལ་གྱིས་ཞིབ་ཚགས་ཅན་གྱི་ཐོག་ནས་སྡེ་ཁུལ་བཅོས་སྐྱོང་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྡེ་ལས་བཅོས་སྐྱོང་གི་འཁོར་སྐྱོད་ལ་བསམ་ཕྱོགས་འཚོལ་ཞིབ་བྱས་ཏེ། ལྔ་འབྲེལ་སྡེ་ལས་ཀྱི་གཞི་རིམ་བཅོས་སྐྱོང་གི་སྤུས་རྟགས་གཏོད་བཞིན་ཡོད་པ་དང་། མཉམ་སྐྲུན་དང་། བདེ་འཇགས་མཉམ་འགོག ཐོན་ཁུངས་མཉམ་སྤྱོད། ས་ཆ་མཉམ་སྤྱོད། བདག་སྐྱོང་མཉམ་བདག་བཅས་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་རེད་ཅེས་བཤད།

དེ་རྗེས་བཅར་འདྲི་ཚོགས་པ་ཕོ་བྲང་པོ་ཏ་ལའི་ལྷོ་ནུབ་ངོས་ཀྱི་མཐུན་སྒྲིལ་སྤྱི་གླིང་དང་ལྷ་སའི་སྐྱིད་ཆུའི་གླིང་ཕྲན་གཉིས་ཀྱི་འགྲམ་དུ་བསྐྲུན་པའི་འབྱུང་ཁམས་བར་ཁྱམས་སུ་བསྐྱོད་ནས་ལྷ་སའི་གྲོང་ཁྱེར་གྱི་འབྱུང་ཁམས་ཚོམས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ་རེད། གྲལ་སྟར་སྒྲིག་པའི་སྔོ་ལྗང་དང་ཁྱད་ལྡན་མཛེས་ལྗོངས་ལྷག་ཏུ་མཛེས་པས་གྲོང་མི་དང་ཡུལ་སྐོར་བ་དེའི་ཁྲོད་འཆམ་འཆམ་བྱེད་པའམ་ཡང་ན་ལུས་སྦྱོང་བྱས་ནས་དེང་རབས་ཀྱི་སྤྲོ་གསེང་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད། འབྱུང་ཁམས་མཛེས་ལྗོངས་འཆར་འགོད་ནས་སྤྱི་པའི་ཞབས་ཞུ་རིམ་སྤོར་བར་ལྷ་སས་གྲོང་ཁྱེར་གྱི་འཚོ་སྡོད་ལ་འཚམ་པའི་རྣམ་པ་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་སྐོང་བའི་ཕན་འབྲས་ཏན་ཏིག་མངོན་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-10-18 6 6 拉萨日报藏文 c210374.html 1 ཀྲུང་དབྱང་སྨྱན་སྦྱོར་དང་དྲ་རྒྱའི་གྲགས་ཅན་མི་སྣས་ལྷ་སའི་སྡེ་ཁུལ་གྱི་དྲོ་སྐྱིད་དང་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་བཟང་པོའི་ཐད་བཅར་འདྲི་བྱས་པ། /enpproperty-->