ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གིས་མི་རིགས་ཀྱི་བླ་སྲོག་བརྟན་དུ་བཏང་ནས་མཐུན་སྒྲིལ་གྱི་བརྩེ་སེམས་མཉམ་དུ་གཏོད་ཅེས་པའི་གཙོ་དོན་གཏམ་བཤད་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འགྲན་ཞུགས་བདམས་ཐོན་པ་10ལྷག་ཙམ་གྱིས་གཙོ་དོན་ལ་དམིགས་པ་དང་རང་ངོས་ཀྱི་ལས་ཀའི་ཉམས་མྱོང་དང་ཉེ་འགྲམ་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་མི་རིགས་ཁག་གིས་ལས་ཀའི་ཁྲོད་ཕན་ཚུན་རོགས་རམ་དང་འཚོ་བའི་ཁྲོད་མཉམ་འདྲེས་མཉམ་གནས་ཀྱི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་དེ་གླིང་ཁུལ་ནང་གི་མི་རིགས་ཁག་གི་ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།
ཆེད་ལས་དཔྱད་འདེམས་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོ་དང་འཚམ་ཚད་དང་། སྐད་བརྡ་མཚོན་སྟངས། བརྩེ་སེམས་བརྒྱུད་སྤྲོད་སོགས་ཀྱི་ཐད་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་བརྒྱུད་མཐར་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་ཕུལ་བྱུང་གི་བྱ་དགའ་བདམས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲད་པ་རེད།
འགྲན་བསྡུར་ནང་ཞུགས་མཁན་ཀརྨས་ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནང་ངའི་གཏམ་བཤད་ཀྱི་ཁ་བྱང་ནི་མི་རིགས་ལ་བཅངས་པའི་བརྩེ་བ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་གྱི་ཕུགས་འདུན་མཉམ་དུ་གཏོད་ཅེས་པ་དེ་ཡིན། བོད་ལྗོངས་ཐུང་ཏུན་བདེ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ངས་འབྲེལ་ཡོད་སྲིད་ཇུས་དང་མི་རིགས་ཁག་གི་རིག་གནས་དང་གོམས་སྲོལ་ཐད་སློབ་སྦྱོང་མང་ཙམ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་སྐོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་རྒྱུ་ཡིན་ཞེས་བཤད།
ཚེ་མཆོག་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་དོན་པ་བསོད་གཡང་གིས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཤད་འགྲན་བསྡུར་བྱེད་པ་ནི་ང་ཚོའི་ངོས་ནས་བརྗོད་ན་བསམ་བློ་གཅིག་སྡུད་ཀྱི་སྐུལ་སློང་ཞིག་རེད་ལ་བརྩེ་དུང་གི་འབྲེལ་བ་ཟབ་ཏུ་གཏོང་བ་ཞིག་ཀྱང་རེད། བདམས་ཐོན་པ་ཚོས་མཉམ་སྤྱོད་བྱས་པའི་མི་རིགས་ཁག་གི་རོགས་རེས་ཀྱི་གཏམ་རྒྱུད་ལས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་ནི་འབོད་ཚིག་ཅིག་མིན་པར་རྒྱུན་གཏན་གྱི་དྲོ་སྐྱིད་ལྡན་པའི་ལག་ལེན་ཁྲོད་གཞི་ཚུགས་པ་ཞིག་ཡིན་པ་ཚང་མར་མྱོང་ཚོར་ཟབ་མོ་ཡོང་བར་བྱ་རྒྱུ་དེ་རེད། དེ་ནི་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ཡང་ཡིན་ཞེས་བཤད།
ད་ཐེངས་ཀྱི་གཙོ་དོན་གཏམ་བཤད་བྱེད་སྒོས་ཏང་ཡོན་ལས་བྱེད་པར་སྤེལ་རེས་མཉམ་སྤྱོད་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད།ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་འཕེལ་བར་བྱས་ཡོད།
སླད་ཕྱིན་ཚེ་མཆོག་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཕྱོགས་གསུམ་ཐད་ནས་ཤུགས་རྒྱག་རྒྱུ་ཡིན་པ་སྟེ། གཅིག་ནས་དྲིལ་བསྒྲགས་དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་བྱས་ཏེ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དེ་མང་ཚོགས་ཀྱིས་ཉན་རྒྱུར་དགའ་བའི་རྒྱུན་གཏན་གྱི་སྐད་ཆ་ཞིག་ཏུ་འགྱུར་བ་བྱེད་པ་དང་། སྨྱན་སྦྱོར་གསར་པ་དང་རིག་རྩལ་བྱེད་སྒོར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཁྲོམ་གཞུང་གང་སར་ཁྱབ་པར་བྱ་རྒྱུ་དང་། གཉིས་ནས་འགྲོ་འོང་དེ་བས་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ་ཁྱིམ་མཚེས་དབར་ཆ་སྒྲིག་དང་དུས་ཆེན་རིང་མཉམ་དུ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མང་ཙམ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་རྒྱུན་དུ་འགྲོ་འོང་དང་མཉམ་འགུལ་མང་ཙམ་ཡོང་བར་བྱ་རྒྱུ། གསུམ་ནས་ཞབས་ཞུས་མི་སེམས་དེ་བས་དྲོ་བར་བྱེད་པ་དང་། ཚང་མས་དོ་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ་སོགས་ཀྱི་གནད་དོན་ལ་དམིགས་པ། དམངས་འཚོའི་བྱ་ཐབས་ཏན་ཏིག་སྤྱོད་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུ་བཅས་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社