ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྡོ་ཐའི་འཕེལ་ཕྱོགས་སྙན་ཞུ་གསར་ཤོས་ལས་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོར་ཐ་མག་འཐེན་མཁན་ཉུང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་རྡོ་ཐའི་གནོད་འཚེ་སྔར་བཞིན་གནས་ཡོད། ཐ་མག་འཐེན་རྒྱུར་དབྱིངས་ཞུགས་པ་དེས་སྔར་བཞིན་གོ་ལ་ཧྲིལ་པོའི་མི་དར་མའི་ལྔ་ཆ་གཅིག་ལ་དཀའ་ངལ་བཟོ་བ་དང་ལོ་ལྟར་སྔོན་འགོག་བྱེད་ཐུབ་པའི་འཆི་ཚད་ཁྲི་བརྒྱ་ཕྲག་ཁ་ཤས་བཟོ་ཡི་ཡོད། དེ་དང་ཆབས་ཅིག་གློག་རྡུལ་ཐ་མག་ལ་དབྱིངས་ཞུགས་པའི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་པས་དེར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
《འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་2000ལོ་ནས་2024ལོ་བར་གྱི་གོ་ལ་ཧྲིལ་པོའི་རྡོ་ཐ་སྤྱོད་ཚུལ་དང་2025ལོ་ནས་2030ལོ་བར་གྱི་སྔོན་དཔག་སྙན་ཞུའི》ནང་གོ་ལ་ཧྲིལ་པོའི་ཐ་མག་འཐེན་མཁན་མི་གྲངས་2000ལོའི་དུང་ཕྱུར་13.8ནས་2024ལོའི་དུང་ཕྱུར་12བར་ཆག་པ་དང་2010ལོ་ནས་བཟུང་ཐ་མག་འཐེན་མཁན་མི་གྲངས་དུང་ཕྱུར་1.2ཉུང་དུ་ཕྱིན་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐ་མག་ཚོད་འཛིན་ཧུར་ཐག་བྱས་པ་ལས་མི་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱིས་ཐ་མག་གཅོད་བཞིན་ཡོད་པའམ་ཡང་ན་ཐ་མག་འཐེན་གྱི་མེད་མོད། འོན་ཀྱང་རྡོ་ཐའི་ལས་རིགས་ཀྱིས་ཉི་ཀུའུ་ཏིང་གི་ཐོན་རྫས་གསར་པ་འདོན་བཞིན་ཡོད་པ་དེའི་དམིགས་ཡུལ་ནི་ན་གཞོན་ཡིན་པ་རེད།
སྙན་ཞུ་དེའི་ནང་གོ་ལ་ཧྲིལ་པོའི་གློག་རྡུལ་ཐ་མག་སྤྱོད་ཚུལ་ལ་དཔྱད་དཔོག་ཐེངས་དང་པོ་བྱས་པ་དང་འབྲེལ་ཡོད་གྲངས་གཞི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད་པ་སྟེ། མིག་སྔར་གོ་ལ་ཧྲིལ་པོའི་གློག་རྡུལ་ཐ་མག་སྤྱོད་མཁན་དུང་ཕྱུར་1ལས་བརྒལ་བའི་ནང་ཉུང་མཐར་ཡང་དར་མ་ཁྲི་8600དང་དེ་བཞིན་ལོ་13ནས་15བར་གྱི་གཞོན་ནུ་ལོ་ཆུང་ཁྲི་1500ཚུད་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྡོ་ཐའི་ལས་རིགས་ཀྱིས་སྲོལ་རྒྱུན་གྱི་ཐ་མག་མ་ཟད། ད་དུང་གློག་རྡུལ་ཐ་མག་དང་ཉི་ཀུའུ་ཏིང་ཁུག་མ་སོགས་ཐོན་རྫས་བརྒྱུད་ནས་མི་རྣམས་དབྱིངས་ཞུགས་སུ་འཇུག་བཞིན་ཡོད། ཐོན་རྫས་དེ་དག་ཚང་མས་བདེ་ཐང་ལ་གནོད་འཚེ་བཟོ་བ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིའི་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་ཐ་མག་ཚོད་འཛིན་ཐད་ཤུགས་སྣོན་རྒྱག་པ་དང་། 《འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྡོ་ཐ་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྡོ་ཐས་གཞོན་ནུ་ལོ་ཆུང་ལ་གནོད་འཚེ་གཏོང་རྒྱུར་སྔོན་འགོག་བྱེད་པ། གློག་རྡུལ་ཐ་མག་སོགས་ཉི་ཀུའུ་ཏིང་གི་ཐོན་རྫས་གསར་པར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社