ཨ་རིའི་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ་12པར་རྩིས་སྤྲོད་བྱས་པའི་གསེར་གྱི་རིན་གོང་ཚེས་7ཉིན་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར་4000.05བར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། དེ་ནི་རྒྱལ་སྤྱིའི་གསེར་གྱི་རིན་གོང་དེ་མཐོ་ཤོས་སུ་སླེབས་ཐེངས་དང་པོ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཚེས་7ཉིན་རྒྱལ་སྤྱིའི་ལག་ཡོད་གསེར་ཉོ་འཚོང་བྱེད་པའི་དུས་སུ་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར་3977.45བར་འཕར་ནས་སླར་ཡང་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།
དེའི་གོང་། ཨུ་རུ་སུའི་གསར་འགྱུར་ཁང་གིས་ཨ་རིའི་སྲིད་གཞུང་གིས་ལས་མཚམས་འཇོག་པ་ཞེས་པའི་དབང་གིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ལས་གནས་སྟོང་ཕྲག་ཁ་ཤས་དུས་ཡུན་རིང་པོར་མེད་པར་བཟོ་སྲིད་པ་དང་ཁྲོམ་རས་ཉེན་འགོག་རྒྱུ་ནོར་ལ་འདེགས་སྐྱོར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཚེས་7ཉིན་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་4000དང་ཡང་ན་དེ་ལས་ཀྱང་མཐོ་རུ་འགྲོ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།
ཨ་རིའི་སྲིད་འཛིན་ཐེ་རོན་ཕུའུ་དང་ཁོང་གི་སྤྱི་མཐུན་ཏང་གི་ལས་རོགས་ཀྱིས་རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་གི་མི་ལ་གལ་ཏེ་མ་དངུལ་ཕྱོགས་འགལ་གྱི་དབང་གིས་སྲིད་གཞུང་གི་ལས་མཚམས་བཞག་པ་གང་མགྱོགས་མཇུག་འགྲིལ་ཐབས་བྲལ་ཚེ་རྒྱལ་ཕྲན་མཉམ་འབྲེལ་གྱི་གླ་པ་སྟོང་ཕྲག་ཁ་ཤས་ལ་དུས་ཡུན་རིང་པོའི་ནང་ལས་ཤོར་གྱི་ཉེན་ཁ་འཕྲད་རྒྱུ་རེད་ཅེས་སྔ་ཕྱི་བར་གསུམ་དུ་ཐ་ཚིག་བསྒྲགས་པ་རེད། ཚེས་1ཉིན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་མཚམས་འཇོག་པ་ཞེས་པ་ལག་བསྟར་བྱས་རྗེས། ཚེས་3ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མས་གནས་སྐབས་དངུལ་གཏོང་གི་ཁྲིམས་གཞི་གསར་པར་གྲོས་འཆམ་བྱུང་མེད་པ་རེད།
ཚེས་6ཉིན། ཨ་རིའི་ཀའོ་ཧྲེང་ཚོགས་པས་2026ལོའི་ཟླ་12པར་གསེར་གྱི་རིན་གོང་སྔོན་དཔག་བྱས་ན་ཨང་སི་རེར་ཨ་སྒོར་4300ནས་ཨ་སྒོར་4900བར་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་ཁྲོམ་རའི་ཉོ་ཚོང་ཁང་གི་ཉོ་ཚོང་ཐེབས་རྩའི(ETF)མ་དངུལ་ནང་འདྲེན་བྱེད་ཤུགས་ཆེ་བ་དང་། དེ་བཞིན་རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་མུ་མཐུད་གསེར་ཉོ་རེ་ཡོད་པ་རེད།
ཀའོ་ཧྲེང་གིས་གསེར་གོང་མཐོ་རུ་བཏང་རྗེས་གསེར་གྱི་རིན་གོང་དེ་སྔར་བཞིན་འཕར་སྲིད་པ་དང་། མི་སྒེར་གྱི་སྡེ་ཚན་གྱིས་གཞི་ཁྱོན་བལྟོས་བཅས་ཀྱིས་ཅུང་ཆུང་བའི་གསེར་གྱི་ཁྲོམ་རར་ཁ་ཐོར་མ་འཇོག་བྱེད་པའི་བྱ་སྤྱོད་དེས་ETFཡི་མཛོད་ཉར་བྱེད་ཚད་དེ་ང་ཚོའི་སྐྱེད་ཀའི་ཚད་གཞིར་གཞིགས་ནས་ཚོད་རྩིས་བྱས་པའི་སྔོན་དཔག་ཆུ་ཚད་ལས་བརྒལ་བར་སྐུལ་འདེད་གཏོང་སྲིད་ཅེས་བཤད་པ་རེད།
ཚེས་7ཉིན། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་གསེར་ཉོ་སྒྲུབ་ཤུགས་ཆེན་བྱེད་པ་དང་། གསེར་གྱི་རྒྱབ་སྐྱོར་རྣམ་པའི་ETFདགོས་མཁོ་མང་དུ་ཕྱིན་པ། ཨ་སྒོར་ཉམས་ཞན་དུ་འགྲོ་བ། དེ་བཞིན་ཁ་ཐོར་མ་འཇོག་བྱེད་མཁན་གྱིས་ཉོ་ཚོང་དོ་སྙོམས་དང་ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་དུས་བབ་ཀྱི་ཉེན་ཁར་ཁ་གཏད་གཅོག་པ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་འདི་ལོའི་ཚུན་གསེར་གྱི་རིན་གོང་རིམ་རྩིས་ལྟར་ན་བརྒྱ་ཆ་51འཕར་ཡོད་པ་རེད།
ཀའོ་ཧྲེང་གིས་སྔོན་དཔག་བྱས་པར་གཞིགས་ན། 2025ལོར་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གིས་ཆ་སྙོམས་གསེར་ཉོ་སྒྲུབ་བྱེད་ཚད་ཏུན་80ཟིན་རྒྱུ་དང་། 2026ལོར་ཏུན་70ཟིན་རྒྱུ་ཡིན་པ་རེད། གསར་དར་ཁྲོམ་རའི་ཀྲུང་དབྱང་དངུལ་ཁང་གིས་ཕྱི་དངུལ་གསོག་འཇོག་གི་གྲུབ་ཆ་སྣ་མང་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ནས་གསེར་གྱིས་གསོག་འཇོག་ཁྲོད་བཟུང་བའི་བསྡུར་ཚད་མང་དུ་གཏོང་སྲིད།
ཀའོ་ཧྲེང་གི་དབྱེ་ཞིབ་མཁས་ཅན་གྱིས་ཁྲོམ་རའི་སྔོན་དཔག་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ལྷན་གྱིས་2026ལོའི་དུས་དཀྱིལ་གོང་སྐྱེད་ཀ་དམའ་རུ་གཏོང་རྒྱུ་ཡིན་པ་དེའི་ཐོག་ནས་ནུབ་ཕྱོགས་ཁྲོམ་རའི་ETFམཛོད་ཉར་བྱེད་ཚད་སྔར་བས་འཕར་རེ་ཡོད་པ་མཚོན་གྱི་ཡོད་ཅེས་བཤད་པ་རེད།
རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་མཚམས་འཇོག་པ་ཞེས་པའི་དབང་གིས་ཨ་རིའི་ངལ་རྩོལ་ལས་བཟོ་པའི་བསྡོམས་རྩིས་ཅུས་ཀྱིས་འཆར་གཞི་ལྟར་ཚེས་3ཉིན་ཟླ་རེའི་ལས་ཞུགས་གྲངས་གཞིའི་བསྡོམས་རྩིས་སྙན་ཞུ་ཁྱབ་བསྒྲགས་བྱེད་མ་ཐུབ་པ་དེས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ཐབས་ལམ་གསལ་པོ་ཡོང་མི་སྲིད།
(ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་གསར་འགྱུར)(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社