分享按钮

བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)རྗེས་མར་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ལས་དོན་ལ་དོ་དམ་ནུས་ལྡན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད་ལྷ་སའི་མི་རིགས་ལས་དོན་ཨུ་ལྷན་གྱིས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་གླེང་སྟེགས་འགོ་མ་ཚུགས་གོང་། གླེང་སྟེགས་ལ་ཞུགས་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་མཚན་མོར་བར་སྐོར་དུ་བསྐྱོད་དེ་ཡུལ་དངུས་སུ་ལྟ་སྦྱོང་བྱས་ནས། ལྷ་སའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་རྒྱུས་ལོན་བྱས་ཡོད།

ཐང་བོད་མནའ་འབྲེལ་རྡོ་རིང་གི་མདུན་དུ་ལྟ་སྦྱོང་ཚོགས་པས་གཙུག་ལག་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དཔེ་བཟང་ཁུལ་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་སོགས་ཐད་ཀྱི་ཞིབ་ཕྲའི་བྱ་ཐབས་ལ་ཤེས་རྟོགས་གང་ལེགས་བྱས་པ་དང་། དེ་དང་ཆབས་ཅིག་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་འདུ་ཤེས་གསུམ་གྱི་སློབ་གསོ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད། དགོན་སྡེ་དོ་དམ་ལམ་ལུགས་འཚོལ་ཞིབ་དང་གསར་གཏོད་སོགས་ཐད་ཀྱི་ལག་ལེན་དང་བསམ་གཞིགས་སྤེལ་རེས་གང་ལེགས་བྱས་པ་རེད།

ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནའ་ཤུལ་བཤམས་སྟོན་ཁང་དུ་ལྟ་སྦྱོང་ཚོགས་པས་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་དངོས་དང་ཞིབ་ཕྲའི་ལོ་རྒྱུས་དཔྱད་ཡིག དེ་བཞིན་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བལྟས་པ་རེད། བཤམས་སྟོན་ཁང་ནས་ཞལ་གྱེས་རྗེས། ལྟ་སྦྱོང་ཚོགས་པས་ལོ་རྒྱུས་ཀྱི་རྗེས་ཤུལ་དེད་དེ་སྔ་རྗེས་སུ་རྡོ་རྗེ་ཚང་བོད་ཆས་ཚོང་ཁང་དང་བླ་བྲང་རྙིང་པའི་རྟ་ར་སྒོ་རར་ལྟ་སྦྱོང་བྱས་པ་རེད། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་རྡོ་རྗེ་ཚང་བོད་ཆས་ཚོང་ཁང་དུ་ཕེབས་ནས། ཚོང་པར་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད།

བླ་བྲང་རྙིང་པའི་རྟ་ར་སྒོ་རའི་ནང་འཐུས་མི་དང་མཁས་དབང་ཚོས་སྒོ་ར་དེའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཁྱད་ལྡན་ལག་ལེན་ཐད་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། དེའི་ནང་མི་རིགས་ཁག་གི་མང་ཚོགས་ཀྱི་སྡོད་གནས་འཚོ་བའི་ཞི་མཐུན་དཔེ་རིས་དང་། ང་ཚོའི་དུས་ཆེན་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ནས་མོས་སེམས་ལྔ་ཆེ་རུ་གཏོང་བའི་བྱེད་སྒོ་སྣ་ཚོགས། དེ་བཞིན་ཇ་ཁང་གི་གྲོས་མོལ་སོགས་ཁྱིམ་མཚེས་འཆམ་མཐུན་དང་སྡེ་ཁུལ་མཉམ་སྐྲུན་གྱི་གསར་གཏོད་བྱ་ཐབས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཚུད་ཡོད།

མཚན་མོར་བར་སྐོར་དུ་ལྟ་སྦྱོང་བྱེད་པའི་བྱེད་སྒོས་ཚོགས་ཞུགས་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་དང་ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་དང་། རིག་གནས་ཀྱི་ནང་དོན། ལག་ལེན་འཚོལ་ཞིབ། ཕན་འབྲས་མངོན་གསལ་དོད་པོ་བཅས་ལ་དེ་བས་གཏིང་ཟབ་པའི་ངོས་འཛིན་བྱུང་ཡོད། ཚང་མས་བར་སྐོར་ཁྲོམ་གཞུང་དེ་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་གཞི་རྟེན་གལ་ཆེན་དང་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཡིན་པའི་ངོས་ནས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལག་ལེན་གྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་ཆེའི་གཞི་རིམ་གྱི་མ་དཔེ་དང་བློ་སྒོ་གཏིང་ཟབ་ཕྱེ་ཡོད་ཅེས་བཤད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-29 6 6 拉萨日报藏文 c209363.html 1 བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་མཇུག་འགྲིལ་བ། /enpproperty-->