分享按钮

རང་ལྗོངས་ཀྱིས་བུ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ།

དྲ་ཐོག་དང་དྲ་ཕྱི་གང་རུང་ནས་རེ་ཞུ་བྱས་ཏེ་ལོ་ལྟར་སྒོར་3600ལེན་ཆོག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་སྤེལ་བའི་ཁྲོད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཐན་ཞང་ཏུང་གིས་རང་སྐྱོང་ལྗོངས་ཀྱི་བུ་གསོའི་ཁ་གསབ་སྲིད་ཇུས་དང་དེ་བཞིན་ལག་བསྟར་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། 2025ལོ་ནས་བཟུང་། ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་བུ་གསོའི་ཁ་གསབ་སྲིད་ཇུས་དེ་ནི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་དམངས་འཚོའི་སྲིད་ཇུས་གལ་ཆེན་ཞིག་ཡིན་ཞིང་། དེ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་བྱིས་པའི་ཁྱིམ་ཚང་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱ་ཆེད་ཡིན་པ་རེད།

སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་རེ་ཞུའི་གོ་རིམ་སྟབས་བདེར་ཕྱིན་པ།

བུ་གསོའི་ཁ་གསབ་ལམ་ལུགས་དེ་2022ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་སྐྱེས་པའི་ལོ་3མ་ལོན་པའི་བྱིས་པ་ཚང་མར་ཁྱབ་ཡོད། གཏན་འབེབས་གཞིར་བཟུང་། ལོ་རེའི་ཁ་གསབ་སྒོར་3600དེ་ལོ་འཁོར་ལྟར་བྱིས་པ་ལོ་3ལ་མ་སླེབས་པའི་བར་དུ་སྤྲོད་རྒྱུ་ཡིན་པ་རེད། འདི་ལོའི་ལོ་གཅིག་ཁོ་ནར་སྲིད་ཇུས་དེས་ལྗོངས་ཡོངས་ཀྱི་ཁྱིམ་ཚང་ལ་བྱིས་པ་གསོ་སྐྱོང་གི་འགྲོ་སོང་སྒོར་དུང་ཕྱུར་6ཙམ་ཉུང་དུ་ཕྱིན་ཡོད། རེ་ཞུ་བྱེད་སྟངས་ནི་ཁྱིམ་ཚང་ཚན་པར་བྱས་ནས་རང་མོས་ངང་རེ་ཞུ་བྱེད་པ་དང་། ལོ་ལྟར་རེ་ཞུ་ཐེངས་གཅིག་བྱས་ཆོག མཚམས་འཇོག་དུས་ཚོད་ནི་ལོ་རེའི་ཟླ་12ཚེས་31ཉིན་བར་ཡིན། དྲ་ཐོག་ནས་རེ་ཞུ་བྱ་རྒྱུ་གཙོ་བོར་འཛིན་པ་དང་དྲ་ཕྱི་ནས་ཁ་གསབ་བྱེད་པའི་རྣམ་པ་ལྟར་གཉེར་དགོས། ཁྱིམ་བདག་གིས་དངུལ་སྤྲོད་འབོ་དང་འཕྲིན་ཕྲན་བུ་གསོའི་ཁ་གསབ་ཀྱི་བྱ་རིམ་ཆུང་གྲས་སམ་ཡང་ན་བོད་ལྗོངས་སྲིད་དོན་གྱི་བྱ་རིམ་ཆུང་གྲས་བརྒྱུད་ནས་བསྒྲུབ་ཆོག་ལ་བྱིས་པའི་ཐེམ་ཐོ་ཡོད་སའི་ཤང་གྲོང་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གི་ཡུལ་དངོས་སུ་ཕྱིན་ནས་བསྒྲུབ་ཀྱང་ཆོག རེ་ཞུ་བྱེད་སྐབས་བྱིས་པ《སྐྱེས་པའི་གསོ་རིག་དཔང་ཡིག》དང་། 《གྲོང་མིའི་ཐེམ་ཐོ》 དེ་བཞིན་རེ་ཞུ་བྱེད་མཁན་གྱི་དགོས་ངེས་ཀྱི་དཔྱད་གཞིའི་རྒྱུ་ཆ་སོགས་མཁོ་འདོན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི་གཱ་གཅིག་ཀུན་འཐུས་བརྒྱུད་ནས་ལོ་ཕྱེད་རེར་གཅིག་སྡུད་ཐོག་ཁ་གསབ་ཁག་གཅིག་སྤྲོད་རྒྱུ་ཡིན་པ་རེད།

ལས་དོན་གྲ་སྒྲིག་གང་ལེགས་བྱས་ཏེ་སྲིད་ཇུས་ལག་བསྟར་ཐུབ་པར་བྱེད་པ།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་ལག་ལེན་བསྟར་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་ལྗོངས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས《བོད་རང་སྐྱོང་ལྗོངས་བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ཞིབ་སྲོལ》ཞིབ་འཇུག་གཏན་འབེབས་བྱས་ཡོད། མིག་སྔར། རང་སྐྱོང་ལྗོངས་དང་། ས་གནས་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞི་ལ་ཁྱབ་པའི་བུ་གསོའི་ཁ་གསབ་ཀྱི་ཆ་འཕྲིན་མ་ལག་ཁྱབ་ཁོངས་ཡོངས་སུ་ཁྱབ་པའི་བཀོད་སྒྲིག་བྱས་ཟིན་པར་མ་ཟད། འབྲེལ་ཡོད་ལས་དོན་པའི་གསོ་སྦྱོང་ཡང་ལེགས་གྲུབ་ཟིན་ཡོད། མིག་སྔའི་བར་བུ་གསོའི་ཁ་གསབ་རེ་ཞུ་ཁྲི་11ཙམ་འབྱོར་ཡོད།

ཐན་ཞང་ཏུང་གིས་སླད་ཕྱིན་སྲིད་ཇུས་གཅིག་གྱུར་འཆར་འགོད་དང་དྲིལ་བསྒྲགས་ཐད་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་དང་། བུད་མེད་དང་བྱིས་པའི་བདེ་སྲུང་། ཁྱིམ་ཚང་འཕེལ་རྒྱས་སོགས་ཞབས་ཞུའི་དྲ་རྒྱ་བརྒྱུད་ནས་རྒྱ་ཁྱབ་ངང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། རེ་ཞུ་བྱེད་ཤེས་པ། ལག་བསྟར་བྱེད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས“དྲ་གཅིག་ཀུན་སྒྲུབ”ཀྱི་ཞབས་ཞུ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཞིབ་བཤེར་གྱི་གོ་རིམ་ལེགས་སུ་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་ཤར་གཏོང་ཐུབ་པར་འགན་ལེན་གང་ལེགས་ཐུབ་པར་བྱས་ནས་མང་ཚོགས་ཀྱི་རེ་ཞུ་དང་ལེན་བྱ་རྒྱུར་དེ་བས་སྟབས་བདེ་དང་ལས་ཕྱོད་སྔར་བས་ཆེ་བ་ཡོང་བར་བྱ་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག་བོད་ཀྱིས་ད་དུང་བུ་བཙའི་རྒྱབ་སྐྱོར་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་ནས་བྱིས་གསོའི་ཁ་གསབ་དངུལ་དང་ཕྲུ་གུ་དམར་འབྱར་བདག་སྐྱོང་ཞབས་ཞུ་དང་། བུད་མེད་དང་ཕྲུ་གུའི་བདེ་ཐང་ལ་འགན་ལེན། འཁོར་ཞག་ལམ་ལུགས་ལེགས་སུ་གཏོང་བ། སྣ་མང་གསོ་སྐྱོང་མཁོ་སྤྲོད་སོགས་ཀྱི་སྲིད་ཇུས་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས་ཁྱིམ་ཚང་གི་གསོ་སྐྱོང་མ་གནས་སྔར་བས་དམའ་རུ་གཏོང་རྒྱུ་ཡིན་པ་རེད། སྲིད་ཇུས་ཀྱི་དྲིལ་བསྒྲགས་གཏིང་ཟབ་དང་རེ་ཞུའི་བརྒྱུད་རིམ་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྔོན་དཔག་བྱས་པ་ལྟར་ན་འབྱུང་འགྱུར་གྱི་ཟླ་བ་ཁ་ཤས་ནང་རེ་ཞུ་བྱེད་ཚད་མུ་མཐུད་འཕར་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཀྱིས་སྔར་ལས་འཐུས་སྒོ་ཚང་བའི་སྒོ་ནས་བུ་བཙའི་རྒྱབ་སྐྱོར་མ་ལག་འཛུགས་རྒྱུར་འབད་བརྩོན་བྱས་ནས་ཁྱིམ་ཚང་དེ་བས་མང་པོར་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་དང་། བོད་ཀྱི་ཁྱད་ཆོས་དང་མཐུན་པའི་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-23 རང་ལྗོངས་ཀྱིས་བུ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ། 6 6 拉萨日报藏文 c208810.html 1 དྲ་ཐོག་དང་དྲ་ཕྱི་གང་རུང་ནས་རེ་ཞུ་བྱས་ཏེ་ལོ་ལྟར་སྒོར་3600ལེན་ཆོག་པ། /enpproperty-->