分享按钮

ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་བོད་སྐྱོར་དགེ་རྒན་ལི་ཞུས་ཀྱིས།

སློབ་གསོའི་བོད་སྐྱོར་ལས་དོན་ལ་འབད་བརྩོན་བྱས་ཏེ་ས་མཐོར་ཤེས་རིག་གི་འོད་སྣང་སྦྱིན་པ།

ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དུ་ཉི་འོད་སྒེའུ་ཁུང་བརྒྱུད་ནས་སློབ་ཁང་ནང་འཕྲོས་པ་དང་། ཕྲུ་གུ་ཚོ་མཉམ་དུ་འཛོམས་ནས་དགེ་རྒན་གྱི་སྣེ་ཁྲིད་འོག་དགའ་སྤྲོའི་ངང་རོལ་རྩེད་རྩེ་བཞིན་འདུག དེ་ནི《ཤེལ་སྒོ་སླེབས་བྱུང》ཞེས་པའི་རོལ་རྩེད་སློབ་ཚན་ཞིག་རེད། སློབ་ཁྲིད་བྱེད་མཁན་དགེ་རྒན་ནི་ཅང་སུའུ་ཞུས་ཀྲོའུ་ནས་ཡོང་བའི་བོད་སྐྱོར་དགེ་རྒན་ལི་ཞུས་རེད།ནང་ས་ནས་གངས་ལྗོངས་ཀྱི་གནས་མཆོག་ཏུ་ཡོང་སྐབས་ཁོང་གིས་འཁྱེར་ཡོང་བ་ནི་རྡོག་ཁྲེས་ཙམ་མ་ཡིན་པར། ཞིབ་ཚཊ་ཅན་གྱི་བྱིས་པའི་སློབ་གསོའི་འདུ་ཤེས་དང་དོ་དམ་བྱེད་སྟངས་ཆ་ཚང་ཞིག་རེད།

ཅང་སུའུ་ཞིང་ཆེན་གྱིས་འདེམས་མངག་བྱས་པའི་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་ཞིག་ཡིན་པའི་ལི་ཞུས་ཀྱིས་ད་ཆ་བུ་བཅོལ་ཁང་གི་སློབ་སྤྱི་གཞོན་པའི་འགན་འཁུར་བཞིན་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་དོ་དམ་པ་ཞིག་ནས་སློབ་གསོ་སློབ་ཁྲིད་ལ་ཕྱོགས་ཡོངས་ནས་འགན་འཁུར་བའི་བར་ཁོང་གིས་ལས་གནས་གལ་ཆེན་ཞིག་ལ་ཕྱོགས་སྒྱུར་བྱས་ཡོད། དེ་གོང་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཁོང་གིས་སྔར་བཞིན་ཆེད་ལས་ཀྱི་ཚད་ལྡན་ཡིག་ཆ་བསྐྱར་ཀློག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཅང་སུའུ་ཡི་རྒྱབ་ཕྱོགས་མཁོ་སྒྲུབ་ཚན་པ་སྟེ་ཞུས་ཀྲོའུ་བྱིས་པའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་ཞུས་ཀྲོའུ་བྱིས་པའི་ཚོགས་པར་བློ་འདྲི་བྱས་ཏེ་ལས་གནས་གསར་པའི་བླང་བྱ་དང་མགྱོགས་མྱུར་ངང་འཚམ་པར་བྱེད་བཞིན་ཡོད།

སློབ་འགོ་ཚུགས་མ་ཐག་པའི་སྐབས་སུ་ཁོང་གིས་སྒོ་ཕྱེ་ནས་སློབ་ཚན་ལ་ཉན་པ་དང་། སློབ་དཔྱོད་བཞུགས་མོལ། དཔྱད་ཡིག་ལྟ་ཀློག་སོགས་ཀྱི་བྱ་ཐབས་བརྒྱུད་བུ་བཅོལ་ཁང་གི་སློབ་ཁྲིད་གནས་ཚུལ་མགྱོགས་མྱུར་ཁོང་དུ་ཆུད་པར་བྱས་པ་རེད། ལས་ཀའི་འཆར་འགོད་གསལ་པོ་ཞིག་བཟོས་ནས་ཁྱབ་གདལ་དུ་བཏང་བ་སྟེ། ཕྱོགས་གཅིག་ནས་དགེ་རྒན་གྱི་ཆེད་ལས་འཚར་ལོངས་ལ་དམ་འཛིན་དང་། ཕྱོཊ་གཞན་ཞིག་ནས་སློབ་ཚན་གྱི་ནང་དོན་འཛུགས་སྐྱོང་ལ་དམ་འཛིན་བྱས་པ་རེད། ཁོང་གིས་སློབ་གསོའི་བོད་སྐྱོར་གྱི་སྲོག་ཤིང་ནི་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན་པས། ས་མཐོར་ནམ་ཡང་གནས་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱ་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

ལི་ཞུས་ཀྱིས་བུ་བཅོལ་ཁང་འདིའི་དགེ་རྒན་གཅེས་སེམས་ཆེ་བ་དང་ངང་རྒྱུད་རིང་པོ་ཡོད་ལ། ཕྲུ་གུ་ཚོ་ཡང་ཁ་ལ་ཉན་པོ་ཡོད། འོན་ཀྱང་སློབ་ཁྲིད་ཀྱི་བརྒྱུད་རིམ་རང་བཞིན་དང་། ཚད་ལྡན་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་ཐད་ད་དུང་མཐོར་རུ་གཏོང་རྒྱུའི་བར་མཐོངས་ཆེན་པོ་ཡོད་ཅེས་བཤད།

ཅང་སུའུ་ཡི་སློབ་ཞུགས་གོང་གི་སློབ་གསོའི་ཁྲོད་ཀྱི་མཉམ་སྡེབ་སློབ་ཁྲིད་གྲ་སྒྲིག་ལམ་སྲོལ་ལ་གཞིགས་ནས།ལི་ཞུས་ཀྱིས་ཕྱོགས་གསུམ་གཞི་གཅིག་ཞེས་པའི་སློབ་ཁྲིད་ཀྱི་རྣམ་པར་ཞིབ་འཇུག་བྱས་ནས་བྱ་ཐབས་གསར་པ་ཞིག་གཏོད་ཡོད་པ་སྟེ། མི་སྒེར་གྱི་ཐོག་མའི་གྲ་སྒྲིག་དང་། ཅང་སུའུ་དང་ལྷ་སའི་དགེ་རྒན་གྱི་གྲ་སྒྲིག མཉམ་སྡེབ་ཀྱི་ཞིབ་འཇུག་གྲ་སྒྲིག་བཅས་ཟུང་འབྲེལ་བྱས་ཡོད། གཟའ་འཁོར་རེར་ཁོང་གིས་དགེ་རྒན་གྱི་སྣེ་ཁྲིད་དེ་གཙོ་དོན་ལ་དམིགས་ནས་སློབ་ཚན་གྲ་སྒྲིག་གཏིང་ཟབ་བྱས་ཏེ། ཕྲུ་གུའི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་སྔོན་ཐོན་གྱི་འདུ་ཤེས་དང་མཉམ་འདྲེས་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ཁག་ཅིག་གཏོད་ཡོད།

ལི་ཞུས་ཀྱིས་ད་དུང་སྲོལ་རྒྱུན་གྱི་འཆད་ཁྲིད་རྣམ་པའི་གསོ་སྦྱོང་གི་ཚད་བཀག་གཏོར་བ་དང་། ལྷག་པར་དུ་སློབ་ཁྲིད་ཀྱི་ནུས་པ་ཞན་པའི་དགེ་རྒན་ལ་དོ་ཁུར་བྱེད་ཀྱིན་ཡོད། ཁོང་འཛིན་གྲྭའི་ནང་དུ་སོང་ནས་དགེ་རྒན་རྣམས་ལ་ཞོགས་པར་སློབ་མ་བསུ་བ་ནས་རོལ་རྩེད་རྩེ་རུ་བཅུག་བར་ཉིན་གང་པོར་དགེ་རྒན་ཚོ་ལས་གནས་ཐོག་ཞུགས་ནས་སློབ་སྦྱོང་བྱེད་དུ་བཅུག་གི་ཡོད།ས་ཁོངས་ཀྱི་ཚོད་འཛིན་མེད་པ་བཟོ་ཆེད། ལི་ཞུས་ཀྱིས་ད་དུང་སྤྲིན་སྟེགས་མཐའ་སྣེའི་སློབ་དཔྱོད་ཐོན་ཁུངས་ཀྱི་མཛོད་བཙུགས་ནས་ཅང་སུའུ་ཡི་སྤུས་ལེགས་ཀྱི་སློབ་ཁྲིད་དཔེ་མཚོན་དང་། བརྙན་ལམ། སློབ་ཁྲིད་ཇུས་གཞི་བཅས་དུས་ཐོག་ཏུ་ལྷ་སར་མཉམ་སྤྱོད་བྱས་པར་མ་ཟད། དུས་བཀག་ལྟར་སུའུ་ལྷ་ས་གནས་གཉིས་ཀྱི་དགེ་རྒན་སྒྲིག་འཛུགས་བྱས་ནས་བརྙན་ལམ་སློབ་ཁྲིད་ཞིབ་འཇུག་ཀྱང་བྱས་ཏེ། ས་མཐོའི་བྱིས་པའི་སློབ་གསོའི་ལས་དོན་པས་དུས་གཅིག་ཏུ་མདུན་གྲལ་གྱི་སློབ་གསོའི་གནས་ཚུལ་ཤེས་རྟོགས་ཐུབ་པར་བྱེད་བཞིན་ཡོད་པ་རེད།

ལས་སྒོའི་ཐད་ལི་ཞུས་ནི་ནན་ཏན་ཅན་གྱི་ལས་བཟོ་བ་ཞིག་ཡིན་པ་དང་། ཕྲུ་གུའི་སེམས་ནང་ལི་ཞུས་ནི་བྱམས་བརྩེ་ཅན་གྱི་ཨ་ཕ་ལྟ་བུ་ཞིག་རེད། ཉིན་ལྟར་ཞོགས་པ་ཁོང་གིས་བུ་བཅོལ་ཁང་གི་སྒོ་འགྲམ་དུ་ཞུགས་ནས་ཕྲུ་གུ་ཚང་མར་བསུ་བ་ཞུ་ཡི་ཡོད། ལི་ཞུས་དགའ་འོས་པ་ཞིག་ནི་ས་གནས་འདི་གའི་དགེ་རྒན་གྱི་འཚར་ལོངས་ལ་གདེང་ཚོད་ཀྱིས་ཁེངས་པ་དེ་རེད།

བུ་བཅོལ་ཁང་གི་ལོ་རིམ་གསུམ་པའི་འཛིན་གྲྭ་བཞི་པའི་འཛིན་བདག་དབྱང་ཤིན་དབྱིས་རྒན་ལི་ཞུས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་ཉིན་ལྟར་ལས་ཀར་ཕེབས་པ་དང་། ཕྲུ་གུ་ཚོས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། མ་ཟད་ང་ཚོའི་སྣེ་ཁྲིད་དེ་སློབ་ཁྲིད་དང་ཆེད་ལས་ཀྱི་རྩལ་ནུས་སྦྱོང་གི་ཡོད་ཅེས་བཤད།

ལི་ཞུས་ཀྱིས་སློབ་གསོའི་བོད་སྐྱོར་ནི་དྲོ་སྐྱིད་ལྡན་པའི་རྒྱུན་འཛིན་ཞིག་ཡིན་པས་དེའི་ཁྲོད་རང་ཉིད་ཞུགས་ཐུབ་པ་དེ་གཟི་བརྗིད་ཡིན། ཅང་སུའུ་ནས་འཁྱེར་ཡོང་བའི་སློབ་གསོའི་ཐབས་ལམ་ལས་ས་མཐོར་ཤེས་རིག་གི་འོད་སྣང་སྦྱིན་ཐུབ་པ་བྱ་རྒྱུ་ཡིན་ལ། ལོ་གསུམ་གྱི་རྗེས་སུ་རང་ཤུཊ་ཀྱིས་འཁོར་སྐྱོད་བྱེད་ཐུབ་པའི་ནང་རྐྱེན་ཆ་ཚང་ཞིག་དང་། རང་མགོ་ཐོན་ཐུབ་པའི་དགེ་རྒན་ཁག་ཅིག་གསོ་སྐྱོང་བྱ་ཐུབ་པའི་རེ་བའང་ཡོད་ཅེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-20 ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་བོད་སྐྱོར་དགེ་རྒན་ལི་ཞུས་ཀྱིས། 6 6 拉萨日报藏文 c208717.html 1 སློབ་གསོའི་བོད་སྐྱོར་ལས་དོན་ལ་འབད་བརྩོན་བྱས་ཏེ་ས་མཐོར་ཤེས་རིག་གི་འོད་སྣང་སྦྱིན་པ། /enpproperty-->