分享按钮

སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་སྤང་ཕུ་ལུང་ཤུར་གྱི་སྐབས་བརྒྱད་པའི་ཆབ་ཞུགས་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་9ཉིན།སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་སྤང་ཕུ་གྲོང་ཚོ་ཨུ་ལྷན་གྱི་ཟམ་སྣེ་གླིང་ཁའི་ནང་འཁྲུག་ཆ་ཧ་ཅང་དོད་ཅིང་།2025ལོའི་ཡབ་མདའ་ཤང་སྤང་ཕུ་ལུང་ཤུར་གྱི་སྐབས་བརྒྱད་པའི་ཆབ་ཞུགས་རིག་གནས་བྱེད་སྒོ་འདི་གར་སྤེལ་འགོ་ཚུགས་པས།ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་ཆབ་ཞུགས་རིག་གནས་བྱེད་སྒོ་འདིར་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

སྐབས་འདིའི་ཆབ་ཞུགས་རིག་གནས་བྱེད་སྒོ་ནི་ཡབ་མདའ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་གཙོ་གཉེར་བྱས་ཤིང་།“རྒྱུན་འཛིན་དང་གསར་གཏོད་”ཅེས་པ་གཙོ་དོན་དུ་བྱས་ནས།ངོ་མཚར་ཆེ་བའི་བྱེད་སྒོའི་ནང་དོན་རབ་དང་རིམ་པ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།འདིའི་དམིགས་ཡུལ་ནི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཏུ་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ཆེད་ཡིན།

བྱེད་སྒོ་དེ་སྙན་འཇེབས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་ཁྲོད་དུ་འགོ་ཚུཊ་ཤིང་། འགོ་ཚུཊ་ཞབས་བྲོ《བཀྲ་ཤིས་ཞོལ་པ》ཞེས་པས་སྟངས་སྟབས་ལེགས་པའི་འཁྲབ་སྟོན་ལ་བརྟེན་ནས་ཡུལ་དངོས་འཁྲུག་ཆ་དོད་དུ་བཏང་ཞིང་།འདི་ལས་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་གསོན་ཤུགས་མངོན་ཡོད། དེ་རྗེས་སུ་སྐུ་མགྲོན་ཚོས་ཆབ་ཞུགས་རིག་གནས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཤིང་། རིག་རྩལ་མཉམ་འཁྲབ་ཀྱི་ལྷུ་ཚིགས་སུ་ངོ་མཚར་ཆེ་བའི་མི་རིགས་ཀྱི་གླུ་གར་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་དང་།དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་། སྙན་འཇེབས་ལྡན་པའི་འགྱུར་ཁུག མི་སེམས་འགུལ་བའི་ཞབས་བྲོའི་སྟངས་སྟབས་བཅས་ལས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་བྱས་པར་མ་ཟད། ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་ནས་དགའ་བསུ་ཡང་ཡང་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་དེ་ཟླ་9ཚེས་10ཉིན་བར་སྤེལ་བ་དང་། ཟླ་9ཚེས་9ཉིན་གྱི་འགོ་ཚུགས་མཛད་སྒོ་དང་རིག་རྩལ་མཉམ་འཁྲབ་ཕུད། ཟླ་9ཚེས་10ཉིན་ད་དུང“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད།སྐས་ཞིང་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད”ཅེས་པའི་རྐང་ཐང་མར་སྐྱོད་པའི་བྱེད་སྒོ་དང་དེ་བཞིན“ལོ་ངོ་སྟོང་གི་སྙན་འཇེབས་ལྡན་པའི་ལྷ་མོའི་ཆེད་དོན་འཁྲབ་སྟོན”ཞེས་པའང་སྤེལ་ཡོད།སྲོལ་རྒྱུན་གྱི་དམངས་སྲོལ་དང་དེང་རབས་ཀྱི་བྱེད་སྒོ་ཟུང་འབྲེལ་དམ་ཟབ་བྱས་ཏེ།མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་།ཡབ་མདའ་ཤང་སྤང་ཕུ་ལུང་ཤུར་གྱི་རིག་གནས་དང་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ནས། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-09-13 6 6 拉萨日报藏文 c209276.html 1 སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་སྤང་ཕུ་ལུང་ཤུར་གྱི་སྐབས་བརྒྱད་པའི་ཆབ་ཞུགས་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->