ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་རྣམ་པའི་ཐོག་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་འགག་རྩའི་དོན་ཆུང་བཅུ་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་དར་དམར་ཁྲོམ་གཞུང་རགས་ཁ་ཆུ་འཁོར་སྡེ་ཁུལ་དང་བོད་ལྗོངས་རྒན་རྒོན་སློབ་གསོ་མཐུན་ཚོགས་དང་མཉམ་དུ་དར་དམར་དུས་ཐེངས་ལྔ་པའི་ཁུལ་ཆུང་དུ་ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་སྡེ་ཁུལ་སྤེལ་བའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཀུན་ཕན་རྣམ་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ནི་རྒན་རྒོན་ཚོར་རྒྱུས་མངའ་ཆེ་བའི་ཁྱིམ་དུ་དངོས་ཕན་གྱི་རིན་གོང་ཐོག་ནས་ཆེད་ལས་ལྟ་སྐྱོང་ལོངས་སྤྱོད་ཐུབ་པར་བྱེད་པ་དང་། ད་དུང་རིག་ལྡན་སྒྲིག་ཆས་ལ་བརྟེན་ནས་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་བློ་བདེ་བག་ཕེབས་ངང་རྒན་གསོ་ཐུབ་པར་བྱ་རྒྱུ་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི“9073”གཞི་རྩའི་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་པ་འཛུགས་སྐྱོང་གི་བླང་བྱར་དམ་པོར་དམིཊ་ནས་ཀུན་ཕན་རང་བཞིན་དང་། ཆེད་ལས་རང་བཞིན། བདེ་འཇགས་རང་བཞིན་བཅས་ལྟེ་བའི་ངེས་གནས་སུ་བྱས་ཏེ། ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་སྡེ་ཁུལ་དུ་སྤེལ་བའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། མིག་སྔར།བོད་ལྗོངས་རྒན་རྒོན་སློབ་གསོ་མཐུན་ཚོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་བརྟེན་ནས་ཆེད་ལས་ཀྱི་ནད་སྐྱོང་བ་བསྡུས་ནས་གསོ་སྦྱོང་བྱེད་པ་དང་སྦྲགས། བདེ་ཐང་བརྟག་དཔྱད་དང་། དཔྱད་ཞིབ་ལེགས་འདེམས། རིམ་གསུམ་ལྟ་སྐུལ་དོ་དམ་བཅས་ཀྱི་ལམ་སྲོལ་བཙུགས་ཏེ་ཞབས་ཞུའི་བདེ་འཇགས་དང་ཆེད་ལས་རང་བཞིན་ལ་འགན་ལེན་བྱེད་ཀྱི་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་ཟོག་གོང་ཅུས་ཀྱི་གྲོན་བསྡུའི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ། སྤྱི་ཚོགས་ཐོག་གི་ལོ་ན་མཐོ་བའི་རྒན་རྒོན་ལ་རིན་ཡོད་ངང་ཀུན་ཕན་རྣམ་པའི་ཆེད་ལས་ཀྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་སྒྲུབ་ཀྱི་ཡོད།ཞབས་ཞུའི་ནང་རྨང་གཞིའི་འཚོ་བའི་ཞབས་ཞུ(འགྲོ་འདུག་སྤྱོད་གསུམ་གྱི་རོགས་རམ)དང་། བདེ་ཐང་ཞབས་ཞུ(སྒོ་རྩར་བསྐྱོད་ནས་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། གཅོང་ནད་ཀྱི་དོ་དམ། ལུས་གསོའི་ནད་གཡོག)སེམས་གསོ་གཏོང་བ(དུས་བཀག་ལྟར་བཅར་འདྲི་དང་རིག་གནས་བྱེད་སྒོ་སྤེལ་བ)བཅས་རིགས་ཆེན་པོ་གསུམ་ཚུད་ཡོད། ཞབས་ཞུ་དེ་ཁྱབ་གདལ་དུ་བཏང་བ་ལས་ཁྱིམ་སྡོད་རྒན་གསོ་བྱེད་དཀའ་བ་དང་།ཞབས་ཞུའི་རིན་གོང་མཐོ་བ་སོཊ་དམངས་འཚོའི་དཀའ་གནད་བསལ་བ་དང་། ཁྱིམ་ཚང་གི་ལྟ་རྟོག་ནུས་པ་མི་འདང་བ་སོགས་ཀྱི་སྟོང་ཆ་བསྐངས་ནས་རྒན་གསོ་ཁྱིམ་དང་ཁ་མི་འབྲལ་བའི་རེ་འདོད་མངོན་འགྱུར་བྱུང་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་འགྲེམས་པང་བཙུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཡུལ་དངོས་སུ་དོགས་གནད་སེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད།རྒྱ་ཆེའི་གྲོང་མིར་ཀུན་ཕན་ཁྱིམ་སྡོད་རྒན་གསོའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་ནས།རྒན་རྒོན་དང་དེ་བཞིན་ནང་མི་དེ་བས་མང་བས་རྒན་གསོའི་ཞབས་ཞུའི་འབྲེལ་ཡོད་ནང་དོན་ཤེས་རྟོཊ་ཐུབ་པར་བྱས་ཡོད། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཞུའེ་མའེ་ཡིས། མིག་སྔར། གཅིག་སྡུད་དྲིལ་བསྒྲགས་དང་ཡུལ་དངོས་སུ་དོགས་གནད་སེལ་བ་བརྒྱུད།གྲོང་མི་མི་ཉུང་བ་ཞིག་གིས་ཀུན་ཕན་རྒན་གསོའི་ཞབས་ཞུའི་ནང་དོན་གསལ་པོར་ཤེས་པ་དང་།རྒན་རྒོན་ཁག་ཅིག་གི་དགོས་མཁོ་དང་སྦྲེལ་མཐུད་རགས་ཙམ་ཐུབ་ཡོད། ཕྱིས་འབྱུང་། ང་ཚོས་སྡེ་ཁུལ་དང་རྒན་གསོ་ཟུང་དུ་འབྲེལ་བ་དང་།སྡེ་ལས་དང་རྒན་གསོ་ཟུང་དུ་འབྲེལ་བའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྡེ་ཁུལ་དང་སྡེ་ལས་ཀྱིས་གྲོང་མི་དང་ཉེ་བཅར་ཐུབ་པའི་ལེགས་ཆར་བརྟེན་ནས་ཞབས་འདེཊ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་སྤྱི་ཚོགས་རྩ་འཛུགས་དེ་བས་མང་བ་སྐྱེད་སྲིང་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་སྟོབས་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社