སློབ་གསོའི་ཁྱབ་ཁོངས་སུ་ལོ་19འབད་བརྩོན་ལྷོད་མེད་བྱས་རྗེས།མཐར་པད་མ་གཡང་འཛོམས་ནི་ལུས་རྩལ་དགེ་རྒན་ནས་སློབ་ཆུང་གི་སློབ་སྤྱི་ལ་འགྱུར་ཡོད། 2006ལོར་ཁོང་བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་ཚན་ཁག་ནས་ཐོན་ཏེ་སློབ་གསོའི་བྱ་གཞག་ནང་ཞུགས། 2013ལོར་ཁོང་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སླེབས་པ་དང་།དེ་རྗེས་ཀྱི་ལོ་བཅུ་ལྷག་ཙམ་རིང་སྔ་རྗེས་སུ་ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན་དང་སློབ་སྤྱི་གཞོན་པ་སོགས་ཀྱི་འགན་བཞེས་པ་དང་།2023ལོའི་ཟླ་11པར་སློབ་སྤྱིའི་འགན་བཞེས། ཁོང་གིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་དངོས་སྒྲུབ་ལ་བརྟེན་ནས་སློབ་གསོའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བར་དགེ་སློབ་དང་ཁྱིམ་བདག་ཚོའི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།
སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་དུ་སྐྱོད་སྐབས།“ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད།སློབ་གསོས་མི་སྣ་གསོ་སྐྱོང་བྱེད”ཅེས་པའི་སྦྱར་ཡིག་མིག་ལམ་དུ་མངོན་པ་འདི་ནི་སློབ་གྲྭའི་སློབ་གཉེར་འདུ་ཤེས་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པ་ཞིག་རེད། པད་མ་གཡང་འཛོམས་2006ལོའི་ཟླ་12པར་ལས་ཀར་ཞུགས་པ་ནས་བཟུང་སློབ་གསོའི་ལས་གནས་དང་ལས་འབྲེལ་ཟབ་མོ་བྱུང་ཞིང་། 2013ལོའི་ཟླ་3པར་སློབ་གྲྭ་དེར་སླེབས་རྗེས་ཀྱི་ལོ་12རིང་ཁོང་ནི་སློབ་གྲྭ་འཕེལ་རྒྱས་ཀྱི་དཔང་པོ་བྱེད་མཁན་ཞིག་ཡིན་ལ་འགག་རྩའི་ལས་དོན་ནང་ཞུགས་མཁན་ཞིག་ཀྱང་ཡིན། སློབ་ཁུལ་རྙིང་པ་ནས་ད་ཆའི་སློབ་གྲྭ་གསར་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་དམར་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་26དང་སློབ་མ་315ཡོད་པ་དང་།ཞག་སྡོད་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱས་ཡོད། དེ་དག་ཚང་མར་པད་མ་གཡང་འཛོམས་ཀྱི་སེམས་ཤུགས་འདུས་ཡོད།
སློབ་སྤྱི་ཡིན་པའི་ངོས་ནས་ཁོང་གིས“བྱིས་པའི་དུས་ནས་དཀའ་སྤྱད་འབད་འཐབ་ཀྱིས་རེ་བའི་འབྲས་བཟང་སྨིན་པར་བྱེད”ཅེས་པའི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་ཀྱིས་སློབ་གྲྭའི་དོན་དངོས་ལ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཆར་འགོད་བྱེད་པ། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་བའི་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་སྒྱུར་བཅོས་བྱེད་པ། སློབ་གྲྭའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ཁོང་གི་སྣེ་ཁྲིད་འོག་སློབ་གྲྭའི་བྱེད་ནུས་ཁང་ཁག་རིམ་སྤོར་སྒྱུར་བཀོད་ཐུབ་ནས་སྒྱུ་རྩལ་སློབ་གསོའི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཏུ་ཁོང་གིས“སློབ་གསོ་ལྔ་མཉམ་དུ་བྱེད་པ”མཐའ་འཁྱོངས་ཀྱིས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་ལུས་རྩལ་དང་། མཛེས་དཔྱོད་སློབ་གསོ། ངལ་རྩོལ་སློབ་གསོ་བཅས་ཀྱིས་སློབ་མའི་མི་གཤིས་གཏོད་པའི་འགག་རྩའི་ནུས་པ་ནན་བཤད་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཛུགས་རྒྱུར་གཞོལ་ཡོད།
དམར་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་བསྟན་འཛིན་ཟླ་བས།པད་མ་གཡང་འཛོམས་ཀྱིས་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། ཁོང་གིས་ལས་དོན་བཀོད་སྒྲིག་གནང་བའི་སྐབས་སུ་ང་ཚོའི་དགེ་རྒན་གྱི་དངོས་ཡོད་གནས་ཚུལ་ལ་དགོངས་པ་ཡག་པོ་བཞེས་ནས་ལས་དོན་ཞིབ་ཚགས་བཀོད་སྒྲིག་གནང་གི་རེད་ལ།སློབ་མར་ཡང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་རེད། ལོ་རིམ་གང་རུང་ཞིག་གི་ཕྲུ་གུ་ཡིན་རུང་ཚང་མར་ཁོང་གིས་ཕྱོགས་རིས་མེད་པར་གཅེས་སྐྱོང་གནང་གི་རེད། དེ་དང་ཆབས་ཅིག་ཏུ་ཁོང་གིས་ད་དུང་གཙོ་གནད་ཐོག་སློབ་ཁང་དང་ཉལ་ཁང་སོགས་ཀྱི་འཕྲོད་བསྟེན་གནས་ཚུལ་ལ་ཞིབ་བཤེར་དང་དོ་ཁུར་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ནས་སློབ་གྲྭའི་འཕེལ་རྒྱས་ལ་འབད་བརྩོན་གནང་གི་རེད་ཅེས་བཤད།
སློབ་གྲྭའི་དོ་དམ་དང་ཏང་དོན་གྱི་ལས་འགན་ལྗིད་པོ་འཁུར་བཞིན་ཡོད་མོད། འོན་ཀྱང་ཁོང་གིས་དགའ་པོ་བྱེད་པའི་ལུས་རྩལ་འཆད་སྟེགས་ནས་ཁ་བྲལ་མྱོང་མེད། ཁོང་གི་ལུས་རྩལ་སློབ་ཚན་ལ་གསོན་ཤུགས་དང་སྤྲོ་སྣང་གིས་ཁེངས་ཤིང་། ལུས་རྩལ་རྩལ་ནུས་སློབ་ཁྲིད་བྱས་པར་མ་ཟད། སློབ་མའི་ལུས་རྩལ་གྱི་སྤྲོ་སྣང་དང་། ཚོགས་པའི་མཉམ་ལས་སྙིང་སྟོབས། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་བཅས་སྐྱེད་སྲིང་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ད་དུང“ཉི་འོད་ལུས་རྩལ”ལ་སྐུལ་འདེད་ཧུར་ཐག་བཏང་ནས་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་དང་། སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན། སློབ་གསེང་ལུས་རྩལ་ཆེན་མོ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ།སློབ་གྲྭར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སློབ་མའི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་རེད།
དམར་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་རིག་འཛིན་སྒྲོལ་མས།ང་ཚོའི་ལུས་རྩལ་སློབ་ཚན་ཧ་ཅང་དོན་སྙིང་ལྡན་པ་ཞིག་འདུག རྒན་ལགས་ཀྱིས་རྟག་ཏུ་ང་ཚོར་བྱ་སྒྲོའི་སྤོ་ལོ་དང་རྐང་རྩེད་སྤོ་ལོ་རྒྱག་སྟངས་སློབ་ཀྱི་འདུག འདི་འདྲའི་སྙིང་ཉེ་བའི་སློབ་སྤྱི་ལགས་ལ་ང་ཚོས་སེམས་གཏིང་ནས་དགའ་པོ་བྱེད་ཀྱི་ཡོད་ཅེས་བཤད།
ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཁོང་ལ་2021ལོར་ལྷ་ས་གྲོང་ཁྱེར་གྱི“ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་སྤྱི་ཡག་པོའི”མཚན་སྙན་ཐོབ་པ་རེད། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི“དགེ་རྒན་གྱི་ཀུན་སྤྱོད་དཔེ་དམག”གི་མཚན་སྙན་དང་།དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཚན་རྩལ་དུས་ཆེན་གྱི“ཕུལ་བྱུང་གི་མཛུབ་ཁྲིད་བྱ་དགའ”ཐོབ་པ་རེད། 2024ལོར་དེ་བས་གཡུར་ཟའི་གྲུབ་འབྲས་ཐོབ་ནས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམས་འཁྲབ་རིགས་ཀྱི་བྱེད་སྒོའི་སློབ་ཆུང་ཚོགས་ཆུང་གི་རྒྱ་ཡིག་ཡིག་གཟུགས་ཀྱི་ཕུལ་བྱུང་མཛུབ་ཁྲིད་བྱ་དགའ་དང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པའི་མཚན་སྙན་ཐོབ་པར་མ་ཟད། ད་དུང་ལོ་རིམ་དྲུག་པའི་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་འབྲས་ཨང་དང་པོ་ཐོབ་ཡོད། 2025ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བུད་མེད་ཀྱི་མིག་དཔེར”བདམས་པ་རེད།
པད་མ་གཡང་འཛོམས་ཀྱིས།གཞི་རིམ་དུ་གཞི་ཚུགས་ནས་ལོ་བཅུ་ལྷག་ཙམ་ཕྱིན་སོང་།དེའི་རིང་ལ་ལས་བྲེལ་དང་ངལ་དུབ་ནི་འཚོ་བའི་རྒྱུན་རྣམ་ཞིག་ཡིན་མོད། འོན་ཀྱང་ཕྲུ་གུ་ཚོའི་མིག་ནང་གི་འོད་སྣང་མཐོང་སྐབས་དཀའ་ལས་ཚང་མ་རིན་ཐང་ལྡན་པར་གྱུར་གྱི་འདུག ཁོང་ཚོའི་འཚར་ལོངས་ནང་རང་ཉིད་དངོས་སུ་ཞུགས་ནས་བྱིས་བློ་རབ་རིབ་ནས་དྭངས་གཙང་ཕྱོགས་སུ་སྐྱོད་པར་དཔང་པོ་བྱེད་ཐུབ་པའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་རིགས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། འབྱུང་འགྱུར་གྱི་འཚོ་བའི་ནང་ངས་མུ་མཐུད་དུ་ཕྱོགས་གང་ཅིའི་ཐད་ལ་སློབ་སྦྱོང་ཞུས་ནས་གཞི་རིམ་གྱི་སློབ་གསོའི་ས་གཞིའི་ཐོག་རྒྱུན་ཆད་མེད་པར་འབད་འབུངས་བྱེད་པ་དང་བྱ་སྤྱོད་ཆུང་ཙག་ནས་ཕྲུ་གུ་ཚོ་འཚར་ལོངས་ཡོང་ཆེད་ལམ་འདིང་བ་དང་།གཞི་རིམ་གྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社