分享按钮

བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད།

(པར་ངོས་དང་པོར་མཐུད)བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་གཉིས་པར་ང་སྐྱེས་པ་ཡིན།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་གཉིས་པར་ང་སློབ་གྲྭར་ཕྱིན་པ་ཡིན།བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཀྱི་ལོ་གཉིས་པར་ང་ལས་ཀར་ཞུགས་པ་ཡིན།ལོ་གཉིས་པ་མང་པོ་འདི་དག་ནི་གུང་ཁྲན་ཏང་གིས་ང་ལ་གནང་བའི་ཚེ་སྲོག་གཉིས་པ་དེ་ཡིན།

རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་གྱི་མི་ཚོགས་ཁྲོད་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་ལེའོ་ཏན་གྱིས་ཏང་ཡོན་གྱི་རྟགས་མ་བཏགས་པ་དང་།མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་གསེར་མདོག་ཅན་གྱི་ཡིག་འབྲུ་ལྔ་བཀྲག་མདངས་འཚེར་བར་མ་ཟད།ད་དུང་བྲང་ཁར་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་སྦྱར་རིས་ཀྱང་སྦྱར་ཡོད།

ལོ་ཟླ་རིང་པོའི་ནང་།ཁོང་གིས་རང་ཉིད་ཀྱི་ཕུགས་འདུན་དང་བྱ་གཞག་ཀྲུང་གོ་གུང་ཁྲན་ཏང་མིའི་དམིགས་ཡུལ་དང་ལོ་ངོ་སྟོང་ཕྲག་རིང་གི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ཏེ་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་ཞིག་ཁུར་ཡོད།

དེ་སྔ།ཁྲང་ཨན་ནས་ལྷ་ས་བར་ཐང་བོད་གཉེན་ཉེའི་དཔུང་ཁག་ལོ་གཉིས་དང་ཟླ་བ་གསུམ་ཙམ་བསྐྱོད་ཡོད།ད་ཆ།གཞུང་ལམ་སྤྱི་ལེ་ཁྲི་12ལྷག་ཙམ་གྱི་སྤྱིའི་ལམ་ཚད་དང་།ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་1359 རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་183བཅས་ཀྱིས་བོད་དང་ཕྱི་ཕྱོགས་དམ་པོར་སྦྲེལ་ཡོད།

སྙན་ཞུར་གསན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕོ་འགྱུར་ཆེན་པོ་གླེང་ཞིང་།ཁོང་གིས་བོད་ནི་ཐག་རིང་ལུང་ཁུག་རྗེས་ལུས་ཀྱི་ས་ཁུལ་ཞིག་མིན་པར།གཞུང་ལམ་དང་ལྕགས་ལམ་གཉིས་དཔུང་གཤིབ་ཏུ་བསྐྲུན་པ་དང་།མི་སྣ་འགྲོ་འོང་སྟབས་བདེ་བ།གློག་ཤུགས་རྒྱལ་ཡོངས་སུ་འདྲེན་པ་བཅས་ཡིན་ཞེས་གསུངས།

ཡར་ཀླུང་གཙང་པོར་རླབས་ཕྲེང་རིམ་པ་བཞིན་འཕྱུར་བ་དང་ཧི་མ་ལ་ཡ་ནས་གངས་ལྗོངས་ཀྱི་དགའ་གླུ་གྲགས།གནམ་ས་མཐོ་བའི་གནས་འདིར་ལངས་ནས་དུས་ཚོད་ལ་ཕྱིར་ལྟ་བྱེད་སྐབས་དེང་གི་བོད་ལྗོངས་དང་དེང་གི་ཀྲུང་གོ་འདི་མི་རབས་ག་ཚོད་ཀྱིས་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅིས་བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་དང་།བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན།བོད་རིགས་དང་མི་རིགས་གཞན་དག་དབར་གྱི་སྤེལ་རེས་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ཅེས་གསུངས།

ལྷ་ས་གོང་དཀར་གནམ་ཐང་ནས་གྲོང་ཁུལ་བར་གྱི་ལམ་བར་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་དང་ས་དབྱིབས་ནི་ངོ་མཚར་ཆེ་བ་ཞིག་ཡོད།

སྟོན་འགོའི་དུས་སུ་སྤྲིན་དཀར་གྱིས་རི་རྩེར་འཁྱུད་དེ་རྒྱུག་པ་དང་།ཞིང་ནང་དུ་གསེར་མདོག་ཅན་གྱི་སྙེ་མ་ལྡེམ་ལྡེམ་དུ་གཡོ་བ།རི་བོ་མཐོན་པོར་སྔོ་ལྗང་གི་གོས་ཀྱིས་བཀླུབས་པ།ཕུག་ལམ་རེ་རེ་དང་།ཟམ་པ་རེ་རེ་ལས་ཡུལ་དུས་བརྒལ་བ་དང་གཉིས་སུ་མ་མཆིས།

འདི་ལྟ་བུའི་རྣམ་པ་དང་བརྩེ་བ་ལས་ས་མཐོའི་སྲོག་ཆགས་དང་།རྩི་ཤིང་།རི་ཆུ་ཀླུང་གསུམ་བཅས་ཚང་མར་བདེ་སྐྱིད་ཀྱིས་ཁེངས་ཡོད།

རླངས་འཁོར་རུ་ཁག་ལྷ་ས་གྲོང་ཁུལ་དུ་འབྱོར་ནས་བཅིངས་འགྲོལ་ལམ་དཀྱིལ་དུ་སྐྱོད་སྐབས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ལམ་འགྲམ་དུ་འགྱིང་ངེར་གནས།

མི་ཚོགས་ཆུ་རྒྱུན་བཞིན་རྒྱ་ལམ་གྱི་གཡས་གཡོན་དུ་རྒྱུག་ཡོང་བ་དང་། དར་དམར་གཡུག་གཡུག་བྱེད་པ། ལག་ཏུ་ཁ་བཏགས་འཁྱེར་བ་བཅས་བྱས་ནས་སྐད་གསང་མཐོན་པོས་བཀྲ་ཤིས་བདེ་ལེཊ་ཞུ་ཞེས་པའི་སྨོན་འདུན་ཞུས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་བ་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བ་སེམས་ཀྱི་གཏིང་ནས་མཚོན་པར་བྱས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་འཛུམ་དམུལ་དམུལ་ངང་མི་ཚོཊ་ལ་ཕྱག་གཡུག་གཡུག་གནང་བ་རེད།

རྡོ་རིང་གིས་སྙིང་སྟོབས་གཅིག་ཏུ་བསྒྲིལ་བ་དང་། ལམ་གྱིས་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།

ཁུ་ནུ་རི་བོ་སྔས་ལ་བརྒྱབ། རྒྱལ་མོ་རྔུལ་ཆུའི་མགོ་ལ་རྐང་པ་སྤོས། དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་སུམ་ཅུ་ཟིན་པའི་སྐབས་མཚན་མོ་ཐའོ་ཨར་ཅི་རུ་ཞག་སྡོད་བྱས། སྐབས་དེ་དུས་ལམ་གཉིས་བསྐྲུན་པ་དང་ལམ་གཏོད་དཔའ་བོས་ལམ་བཟོའི་བཀག་སྡོམ་ཁུལ་ཞེས་གྲགས་པའི་ཡུལ་དུ་མི་སེམས་འགུལ་བའི་སྙན་ངག་བརྩམས་ཡོད།

1998ལོའི་ཟླ་6པར། བློ་མཐུན་ཞི་ཅིན་ཕིང་བོད་དུ་ཐོག་མར་ཕེབས་ནས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་བསུ་སྐྱེལ་གནང་བ་རེད། ལྷ་སའི་གོང་དཀར་གནམ་ཐང་ནས་ཉིང་ཁྲི་བྲག་ཡིབ་གྲོང་རྡལ་བར་ལམ་ཐག་སྤྱི་ལེ་530ལྷག་ཙམ་ཡོད་པའི་ལམ་བར་དུ་རླངས་འཁོར་ལ་ཞུགས་ནས་ཉིན་གང་བསྐྱོད། ཁོང་གིས་ལས་རིགས་གཅིག་པའི་བློ་མཐུན་ཚོར་འདི་ནི་ལོ་རྒྱུས་དུམ་བུ་ཞིག་ཡིན་པས་ཟིན་ཐོར་འགོད་མཁན་ཡོད་དགོས་ངེས་རེད་ཅེས་བོད་སྐྱོར་གྱི་ལོ་ཟླ་དེ་ཟིན་ཐོར་འགོད་རྒྱུའི་སྐུལ་ལྕག་གནང་བ་རེད།

འགྲོ་ལམ་དཀའ་ཡང་དེ་རིང་བདེ་བར་གནས་སམ།

2006ལོའི་ཟླ་7པར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་གླུ་གཞས་ཤིག་ནང་ངོ་མཚར་ཆེ་བའི་མཁའ་ལམ་གཅིག་གིས་མི་ཡུལ་གྱི་དྲོ་སྐྱིད་མཐའ་མཚམས་སུ་བསྐྱལ་ཞེས་བཏང་བ་དང་འདྲ། སྐབས་དེར་དབྱིན་ཇིའི《སྲུང་སྐྱོབ་ཚགས་པར》ཐོག་སུ་ཞིག་གིས་ཅུང་ཟད་འགུལ་ཙམ་བྱས་རྗེས་གསོ་རླུང་ལྕགས་དམ་འཚོལ་དགོས་པའི་གནས་ཚུལ་འོག་ལྕགས་ལམ་འདིང་སྲིད་དམ། ལྕགས་ལམ་འདི་ནི་ཀྲུང་གོའི་སྒྲུབ་ཕོད་པའི་སྙིང་སྟོབས་ཀྱི་དཔེ་མཚོན་ཡག་ཤོས་ཤིག་རེད་ཅེས་བྲིས་ཡོད་པ་རེད།

རི་བོ་མཐོན་པོ་མགོ་བོ་སྒུར་དུ་བཅུག་པ་དང་། ཆུ་བོ་ལམ་གཟུར་དུ་བཅུག་ཅེས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་རྒྱ་དང་སྤོབས་ཉམས་ཤིག་རེད། 2021ལོའི་ཟླ་7པར། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཐེངས་གསུམ་པ་ཕེབས་ཤིང་། ཉིང་ཁྲི་ནས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་ཞུགས་ནས་ལྷ་སར་སྐྱོད་པར་ཆུ་ཚོད་3ལྷག་ཙམ་འགོར་བ་རེད། མེ་འཁོར་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་དངོས་སུ་ཚོགས་འདུ་འཚོགས་ནས་བོད་ཀྱི་འཕེལ་རྒྱས་ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་ནུབ་རྒྱུད་དུ་སྟོང་ཆ་མང་པོ་ལུས་ཡོད་པས་སླད་ཕྱིན་ཡང་ཐེངས་ཁ་ཤས་གསབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་འགྲིམ་འགྲུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

ད་ཆ་འགོ་ནས་མཇུག་བར་གོམ་པ་སྤོས་ཤིང་། གནའ་བོའི་ས་གཞི་འདིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བོད་ལྗོངས་གསར་པའི་རྣམ་པ་གཏོད་བཞིན་ཡོད། དུས་རབས་གསར་པ་ཤར་ཚུན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བྱས་པ་དང་། བོད་སྐྱོང་བ་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་ཏེ། འཐབ་ཇུས་རང་བཞིན་གྱི་འཆར་འགོད་ལས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

ཐེངས་འདིར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་གཞི་ཚུགས་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་དེ་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དང་འབྲེལ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་དགོས་པའི་གངས་ལྗོངས་ས་མཐོའི་འཆར་གཞི་གསར་པ་བཀོད་ཡོད།

ཚེས་20ཉིན་གྱི་དགོང་མོ། བོད་ལྗོངས་ཟློས་གར་ཁང་ཆེན་མོར་དྲོ་སྐྱིད་ལྡན་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་རིག་རྩལ་མཚན་ཚོགས《གངས་ལྗོངས་ཀྱི་དགྱེས་གླུ》ཞེས་པར་གཟིགས་པ་རེད།

གར་སྟེགས་ཐོག་འཁྲབ་སྟོན་གྱི་ཡོལ་བ་དལ་བུར་ཕྱེ་འགོ་ཚུགས་པ་དང་བསྟུན་ནས་མི་རྣམས་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་བསྐྱོད། སྤྱི་ཚོགས་རིང་ལུགས་ཡག་ཅེས་པའི་གླུ་སྒྲའི་ཁྲོད་ལོ་ངོ་60ཡི་གོང་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྣམ་པ་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་ཡོད། གླུ་སྒྲ་གསང་པོ་དེ་སེམས་ཀྱི་གཏིང་ནས་ཐོན་ཏེ། གོམ་ཞེང་ཆེན་པོས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པའི་གདེང་ཚོད་ཆེན་པོ་མཚོན་པར་བྱས་ཡོད།

སྤྲོ་སེམས་འཁོལ་བའི་གླུ་གར་དང་བསྟུན་ནས་རྒྱབ་ལྗོངས་ཀྱི་མཐོང་ངོས་དཀར་ནག་ནས་ཚོན་ཁྲ་ཅན་བར་བརྙན་རིས་ཤོག་ལྷེ་རེ་རེ་ལས་ཆུ་ཟོམ་ནས་ཆུ་མདོང་བར་དང་། སྣུམ་སྒྲོན་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། ཕྱིང་གུར་ནས་ཐོག་ཁང་བར་བཅས་ལས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་བརྗིད་ཉམས་ལྡན་པའི་ལོ་ཟླ་མཚོན་པར་བྱས་ཡོད།

ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས། མང་ཚོགས་དང་ལྷག་པར་དུ་བོད་རིགས་མང་ཚོགས་ཀྱི་འཚོ་བར་ད་ཆའི་བདེ་སྐྱིད་ཡོད་པ་གང་ལགས་ཤེ་ན། ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་འོས་པའི་བྱ་བ་བསྒྲུབས་པས་རེད། དེ་ནི་གཅིག་ཀྱང་མ་ལུས་པར་བྱེད་པའི་བརྩེ་སེམས་ཟབ་མོས་ཐུགས་ཁྲལ་གནང་བ་ཞིག་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཁས་ལེན་ནན་པོ་ཞིག་རེད།

ལྷ་སའི་ཁྲོམ་གཞུང་ཆེ་ཆུང་གང་སར་དར་ཚོན་དང་། སྦྱར་ཡིག འཕྲེད་འགེལ་སྦྱར་ཡིག་བཅས་ཀྱིས་ཁེངས་ཤིང་། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པའི་བབ་ཆགས་པའི་སྐད་ཆ་ཚིག་གཅིག་ཡང་ཡང་ཐོན་པ་ལས་བོད་ཀྱི་མི་དམངས་ཁྲི་ཚོ་370ཡི་གདེང་ཚོད་བརྟན་པོ་བརྗོད་ཡོད།

ཚེས་21ཉིན་གྱི་སྔ་དྲོའི་རྟེན་འབྲེལ་ཚོགས་ཆེན་ཐོག་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ཁྲོམ་སྐོར་གཟབ་རྒྱས་བྱས་ཤིང་། ཕོ་བྲང་པོ་ཏ་ལའི་མདུན་གྱི་ལམ་ཆེན་ཐོག་བདེ་སྐྱིད་ལྡན་པའི་ལྷ་ས་དང་། སྒོ་དབྱེའི་གཞིས་རྩེ། བོད་ཀྱི་འབྱུང་ཁུངས་ལྷོ་ཁ། ཡིད་འོང་གི་ཉིང་ཁྲི། གསར་བརྗེའི་ཆབ་མདོ། མཐའ་སྣེའི་ནག་ཆུ། མཁའ་དབྱིངས་ཀྱི་མངའ་རིས་སོགས་ཀྱི་གཟབ་འཁོར་རིམ་པ་བཞིན་དུ་བསྐྱོད་པ་རེད།

རོལ་ཆ་དཀྲོལ་བ་དང་། རྔ་རྡུང་བ། གླུ་དབྱངས་ལེན་པ། དཔའ་ངར་ཆེར་སྐྱེད་ཀྱི་འགྱུར་ཁུག བློ་གཤོགས་ཆེ་བའི་ཞབས་བྲོའི་ཉམས་འགྱུར་བཅས་ལས་བོད་རིགས་བུ་ཕྲུག་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་གང་ལེགས་མཚོན་པར་བྱས་ཡོད།

ཕྱོགས་གཅིག་གི་བརྩེ་བ་ཟབ་པའི་ས་གཞི། སྣ་མང་ཕུན་སུམ་ཚོགས་པའི་གནམ་ས།

འབྱུང་འགྱུར་ཕྱོགས་སུ་སྐྱོད་ཅེས་པའི་གཟབ་འཁོར་མཐའ་མཇུག་ཏུ་བསྐྱོད་ཅིང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་འགྱུར་ཁུག་གྲགས་པ་དང་བསྟུན་ནས་ཞི་བདེའི་ཕུག་རོན་དང་ཚོན་ལྡན་ལྒང་ཕུག་དགུང་སྔོན་དབྱིངས་སུ་འཕུར།

རི་བོ་མཐོན་པོ་དང་། གཤོང་ས། དྲག་ཏུ་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ་བཅས་བརྒལ་ཡོད།གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་མཉམ་དུ་གཞོལ་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་བཞིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་24ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207322.html 1 བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། /enpproperty-->