分享按钮

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་བྱས་ནས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ།

པར་འདི་ནི་ཁྲིམས་སྐྱོང་བས་ཁྲོམ་རར་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་24ཉིན། ཞོ་སྟོན་གྱི་གུང་གསེང་དང་ཏག་ཏག་སྐབས་འཁེལ་བས་བདེ་འཇགས་དང་བློས་འགེལ་ཆོག་པའི་དུས་ཆེན་གྱི་འཛད་སྤྱོད་ཁོར་ཡུག་གཏོད་ཆེད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ། ཡུལ་སྐོར་ཁྲོམ་ར་དང་བཟའ་བཏུང་ཁྲོམ་ར་སོགས་གཙོ་གནད་ཁྱབ་ཁོངས་སུ་བསྐྱོད་དེ་ཁྲོམ་རར་ཕྱོགས་ཡོངས་དང་ཞིབ་ཚགས་པའི་ཞིབ་བཤེར་དང་ཞབས་ཞུའི་མཛུབ་ཁྲིད་ལས་དོན་སྤེལ་ནས་དུས་ཆེན་རིང་གི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་ཁྲོད་བར་སྐོར་མཐའ་འཁོར་གྱི་ཡུལ་སྐོར་དང་དངོས་ཟོག་ཉོ་སྒྲུབ་བྱ་ཡུལ་གཙོ་གནད་དུ་བྱས་ནས་སྐབས་བསྟུན་ཟུར་འཐེན་ཞིབ་བཤེར་གྱི་བྱེད་ཐབས་སྤྱད་དེ་ཚོང་དུད་ཀྱི་ལས་གཉེར་ལག་ཁྱེར་དང་། བཟའ་བཅའི་བདེ་འཇགས། ཚོང་ཟོག་གི་རིན་གོང་གསལ་འགོད། ཚད་འཇལ་ཡོ་བྱད་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་ཞིབ་ཕྲ་བྱས་པ་རེད། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་ཚོང་པས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་འཕྲལ་མར་དག་ཐེར་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ཚོང་དུད་མང་པོས་སྤྱོད་བཞིན་པའི་ཚད་འཇལ་ཡོ་བྱད་ལ་དུས་བཀག་ནང་ཞིབ་བཤེར་མ་བྱས་པའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁྲིམས་འཛིན་མི་སྣས་དུས་ཐོག་ཏུ་ཚད་འཇལ་ཚད་ལེན་སུའོ་དང་མཐུན་སྦྱོར་བྱས་ནས་ཞིབ་དཔྱད་ཚད་ལེན་གྱི་ཞབས་འདེགས་ཞུས་ཏེ། ཚད་འཇལ་ཡང་དག་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད།

བཟའ་བཅའི་བཟའ་བཏུང་ཞབས་ཞུའི་ཚན་པར་ཁྲིམས་འཛིན་མི་སྣས་ནང་འདྲེན་ཚོང་ཟོག་གི་རྩིས་ཐོ་དང་། ལག་ཁྱེར་ལེན་པ་དང་འཛིན་ཤོག་ལེན་པ་ཆ་ཚང་མིན། བཟའ་བཅའ་གསོག་ཉར། རྒྱབ་ཕྱོགས་ཐབ་ཚང་གི་འཕྲོད་བསྟེན། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་སུ་ཚོང་པར་ལྷགས་པའི་གནད་དོན་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་དགོས་པ་བཅས་ཀྱི་བཀའ་བཏང་བར་མ་ཟད། བཟའ་བཏུང་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་གྲོང་མི་དང་ཡུལ་སྐོར་བའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་སྒྲུབ་སྐུལ་བྱས་པ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དྲ་རྒྱའི་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བཟང་མོས་གསར་འགོད་པར། ད་ཐེངས་ཞིབ་བཤེར་བྱས་པ་བརྒྱུད་བཟོ་རྩལ་ཐོན་རྫས་ཚོང་ཁང་ཁག་གཅིག་ལ་ཐོན་རྫས་ཐོག་རིན་གོང་གསལ་པོ་བཀོད་མེད་པ་དང་མཚོན་རྟགས་དང་ཤོག་བྱང་ཡོངས་བསྒྲགས་བྱས་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག་བཟའ་བཅའ་གཉེར་སྐྱོང་བྱེད་པོར་ཞིབ་བཤེར་བྱེད་སྐབས་ཚོང་པ་མང་པོ་ཞིག་གིས་ཚོང་ཟོག་ནང་འདྲེན་དང་། བྲིན་འཚོང་། ལག་ཁྱེར་དང་འཛིན་ཤོག་ལེན་པའི་ལམ་ལུགས་བཟོས་མེད་པ་ཤེས་རྟོགས་བྱུང་ཡོད། ང་ཚོས་གནད་དོན་དེ་དག་སྐབས་ཐོག་ཏུ་དག་ཐེར་བྱས་ནས་གནད་དོན་ཅུང་ཚབས་ཆེ་བའི་རིགས་ཁོངས་གཏོགས་ཁུལ་གྱི་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད། དེར་བརྟེན་རྒྱ་ཆེའི་འཛད་སྤྱོད་པར་ལག་ཁྱེར་ཆ་ཚང་བ་དང་། རིན་གོང་གསལ་པོ་བཀོད་ཡོད་པ། མཚོན་རྟགས་དང་བྱང་བུ་ཡོངས་བསྒྲགས་ཚད་ལྡན་ཡོད་པ་བཅས་ཀྱི་ཚོང་ཁང་དུ་འཛད་སྤྱོད་བྱ་རྒྱུ་གདམ་ག་བྱེད་དགོས་པར་མ་ཟད། འཛད་སྤྱོད་ཀྱི་དཔང་འཛིན་ཉར་ཚགས་ཡག་པོ་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་བརྒྱུད། དུས་ཆེན་གྱི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་ཁྲོམ་རའི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཀྱི་ཁོར་ཡུག་གཏོད་ཆེད་འགན་ལེན་ནུས་ལྡན་བྱས་ཡོད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207319.html 1 གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་བྱས་ནས་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ། /enpproperty-->