分享按钮

བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་དགོས།

(པར་ངོས་དང་པོར་མཐུད)ཇ་མངར་མོ་དེ་སྦྲེལ་ཐག་ཏུ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སྦྲེལ་ཟམ་པ་བསྐྲུན་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གིས་གྲོས་བསྡུར་བར་མཐོངས་བཙུགས་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་བཅའ་ཁྲིམས་གསལ་འགྲེལ་བྱེད་པ། བཀག་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་མིའི་གྲོས་བསྡུར་བྱ་ཡུལ་ཧུར་ཐག་བཏོད་དེ་མང་ཚོགས་གཞི་རིམ་བཅོས་སྐྱོང་ཁྲོད་ཧུར་ཐག་ཞུགས་སུ་བཅུག་པ་རེད། སྤྱི་ཚོགས་འཛུགས་སྐྱོང་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་སེལ་ཐབས་གསར་པ་འཚོལ་ཞིབ་ནུས་ལྡན་བཅས་བྱས་ཚེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་གཞི་ནས་གོང་མཐོང་གཏོང་ཐུབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་ནས་སྐུལ་འདེད་གཏོང་ཐུབ།

མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་བསྒྲགས་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མོས་སེམས་ལྔ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཧུར་ཐག་གཏོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་ནས་མི་རིགས་ཕན་ཚུན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་ནས་ང་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་ཚུགས་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། མི་རིགས་ཁག་གི་དད་ལྡན་མང་ཚོགས་ལ་ཕན་པ་གང་དུ་ཡོད་པ་དང་། ཕན་པ་གང་ནས་ཡོང་བ་ཤེས་སུ་བཅུག་སྟེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་། བློ་ཁ་གཅིག་མཐུན། བློ་གཅིག་རྩེ་གཅིག་བཅས་ཡོང་བར་བྱེད་དགོས།

མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དུ་བྱེད་པ། ཕུགས་ལ་ཕན་པའི་ཐབས་ཇུས་མང་ཙམ་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ་བཅས་བྱས་ཚེ། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཐུབ་ངེས་ཡིན་པ་དང་། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས་བཅས་ཀྱི་ཕུལ་བྱུང་གི་རྒྱུགས་ཤོག་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་བོད་ཀྱི་ལེགས་སྐྱེས་འབུལ་ཐུབ།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207310.html 1 བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་དགོས། /enpproperty-->