(པར་ངོས་དང་པོར་མཐུད)དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ལྗང་ནུས་རྒྱུའི་གཤིན་ས་ཞིག་ཡིན་པས།སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་བཞིན་ཡོད།ཡངས་ཡིད་ཞེས་པ་ནི་ཡངས་ཤིང་རྒྱ་ཆེ་བ་ལ་ཡིད་དུ་འོང་བའི་ནང་དོན་ལྡན་ལ་དེ་དང་ཆབས་ཅིག་རྩྭ་ཆུ་འཛོམས་པའི་གནས་མཆོག་གི་དོན་ཡང་མཚོན་གྱི་ཡོད།ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཅིང་བོད་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཚེ་ཆུ་ཚོད་གཉིས་མ་འགོར་བར་ཡངས་ཡིད་གྲོང་ཚོར་འབྱོར་གྱི་ཡོད།
སྤྱི་ཟླ་དྲུག་པའི་ཡངས་ཡིད་གྲོང་ཚོར་དུས་ཚིགས་ཡག་ཤོས་ཤར་ཞིང་།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་ནི་སྔོ་ལྗང་ས་གདན་ནམ་མཁའི་མཐའ་བར་བཀབ་པ་དང་མཚུངས་ཤིང་།ཉི་འོད་འོག་ཏུ་དྭངས་ཤིང་གཙང་བའི་ཆུ་ཕྲན་འོད་ཆེམ་ཆེམ་དུ་འཕྲོ་བཞིན་རྒྱུག་པ།འབྲི་གཡག་ཁྱུ་དང་ཁྱུ་བྱས་ནས་སྤང་ལྗོངས་ཡངས་པོའི་སྟེང་དུ་རྩྭ་ཆུར་རོལ་བ་བཅས་ས་མཐོའི་སྐྱེ་ཁམས་ཞི་མཐུན་གྱི་ཡུལ་ལྗོངས་བཟང་པོ་ཞིག་ཏུ་གྱུར་ཡོད།
ཡངས་ཡིད་གྲོང་ཚོའི་ཚོགས་ཆུང་གཉིས་པར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་གཡས་གཡོན་དུ་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་བཞིན་མིག་ལམ་དུ་མངོན་པ་དང་།གྲོང་ཚོ་གྲལ་འགྲིག་ལ་གཙང་ཞིང་བཀྲ་ཤིས་པ་ཞིག་ཡོད།འདས་པའི་2008ལོར་ཕྱིར་ལོག་ལྟ་སྐབས་དེ་གར་ས་ཡོམ་རིམ་པ་6.6བརྒྱབ་ནས་གནོད་འཚེ་ཚབས་ཆེན་ཕོག་པ་དང་།སྡོད་ཁང་ལོག་པ་དང་ཉམས་ཆག་ཆེན་པོ་བྱུང་ཡོད།
ཡངས་ཡིད་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་ལྷ་མགོན་པོས་རིམ་ཁག་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་འོག་གེགས་རྗེས་བསྐྱར་སྐྲུན་བྱས་པ་བརྒྱུད།ང་ཚོ་བདེ་འཇཊ་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་དང་།གློག་དང་།ཆུ།ལམ་བཅས་ཤར་གཏོང་ཐུབ་པ།གྲོང་ཚོའི་བུ་བཅོལ་ཁང་དང་འཕྲོད་བསྟེན་ཁང་ཡང་སྔ་རྗེས་སུ་བསྐྲུན་ཡོད་ཅེས་བཤད།
2024ལོར་གྲོང་ཚོར་བཅའ་སྡོད་ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་ལས་དོན་རུ་ཁག་གི་རོགས་རམ་འོག་ཡངས་ཡིད་གྲོང་ཚོར་སྔོན་ལ་ཀྲའོ་སྟོང་གི་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་དང་གྲངས་འཛིན་དུས་རབས་དང་འབྲེལ་མཐུད་དམ་ཟབ་བྱས་ཡོད།རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་ནི་འགོ་འཛུགས་ས་ཡིན།ཇི་ལྟར་བྱས་ནས་གྲོང་མིའི་འཚོ་བ་ལེགས་སུ་གཏོང་དགོས་སམ་ཞེ་ན།དེ་ཡང་གཙོ་བོ་ཐོན་ལས་དར་རྒྱས་གཏོང་བའི་འགག་གནད་དེར་ཐུག་ཡོད།ཡངས་ཡིད་གྲོང་ཚོའི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ཀྱི་སྨི་4700ཟིན་པ་དང་།སྤུས་ལེགས་ཀྱི་རང་བྱུང་རྩྭ་ར་དང་མཐོ་གྲང་འདམ་ར་ཡོད་པར་མ་ཟད།ད་དུང་ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པས།འབྲོག་ལས་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་བསྐྲུན་ཡོད།
ལོ་63ལ་སླེབས་པའི་ཀརྨ་དོན་གྲུབ་ཀྱི་ཁྱིམ་ནི་དཔེ་མཚོན་གྱི་འབྲོག་ལས་དུད་ཚང་ཞིག་ཡིན་པ་དང་།སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་།རྩྭ་རའི་དོ་དམ་ལྷུག་པ་དང་དེ་བཞིན་གསོ་ཚགས་ལག་རྩལ་རྗེས་ལུས་ཡིན་པས།ཕྱུགས་འཚོ་བ་དེས་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་ཐག་གཅོད་ཐུབ་ཙམ་ལས་མེད།
ཀརྨ་དོན་གྲུབ་ཀྱིས་དེ་སྔ་ངའི་ཁྱིམ་དུ་འབྲི་གཡག་བཅུ་གྲངས་ཁ་ཤས་ལས་མེད།ད་ཆ་ང་ཚོའི་གྲོང་ཚོར་དུས་བཞིའི་རྩྭ་ར་ཡོད་པར་མ་ཟད།ད་དུང་དུས་ཐུང་རྒྱགས་གསོའི་རྩྭ་ར་དང་རྩྭ་འབྲེག་རྩྭ་ར་ཡོད་པས་ཁྱིམ་གྱི་འབྲི་གཡག་120ལྷག་ཙམ་བར་མང་དུ་ཕྱིན་ཡོད་ཅེས་བཤད།
དེང་གི་ཆར།ཞིང་འབྲོག་ལག་རྩལ་པ་དུས་བཀག་ལྟར་ཁྱིམ་དུ་བསྐྱོད་དེ་རིམས་ནད་འགོག་བཅོས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུད་པ་སྤེལ་བའི་བར་དེང་རབས་གསོ་ཚགས་ལག་རྩལ་དམར་ཁྲིད་བྱས་ཡོད།ཤང་སྲིད་གཞུང་གིས་འབྲེལ་ཟམ་བཙུགས་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་ཐབས་ལམ་གསར་གཏོད་བྱས་ཏེ་ཞོ་དང་ཚགས་ཤ་སོགས་འབྲོག་ཟོག་སྙེ་མོ་དང་།སྟོད་ལུང་བདེ་ཆེན།ལྷ་སའི་གྲོང་ཁུལ་སོགས་སུ་འཚོང་གི་ཡོད།དེ་བས་དགའ་འོས་པ་ཞིག་ནི་རྫོང་ཡོངས་ཀྱིས་ཁྱབ་གདལ་བཏང་བའི་མི་ཐབས་ལ་བརྟེན་པའི་རྩྭ་ར་འདེབས་འཛུགས་རྣམ་གྲངས་ཀྱི་ལེགས་ཆ་ལས་རྩྭ་རའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་ཐོན་འཕར་ལེགས་སྒྲིག་ཐུབ་ཡོད།
ཡངས་ཡིད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་ཀརྨ་བསོད་ནམས་ཀྱིས་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ང་ཚོའི་གྲོང་ཚོས་འབྲི་གཡག་གསོ་ཚགས་དང་རྒྱགས་གསོའི་རྟེན་གཞིའི་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་བྱས་ཡོད་ཅེས་བཤད།ཁོང་གིས་རྣམ་གྲངས་འདི་ལོའི་ལོ་སྨད་དུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།དུས་ཐེངས་དང་པོའི་འཆར་འགོད་ནང་འབྲི་གཡག་ལག་ཡོད་མགོ་གྲངས་320ཡོད་པ་དང་།ཚན་རིག་དང་མཐུན་པའི་གཅིག་སྡུད་གསོ་ཚགས་བྱས་པ་བརྒྱུད།རྩྭ་རའི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པར་མ་ཟད།ད་དུང་ཟླ་3ནས་6བར་དུས་ཐུང་རྒྱགས་གསོ་ཐུབ་ནས་འབྲི་གཡག་བཤས་གཏོང་བའི་དུས་འཁོར་ཐུང་དུ་ཕྱིན་ཏེ་སྔོན་དཔག་བྱས་ན་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་50ཡན་ཡོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ཡངས་ཡིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཟླ་བས་འབྲོག་ལས་ནི་ཐོག་མཐའ་བར་གསུམ་དུ་ཡངས་ཡིད་གྲོང་ཚོའི་ཀ་རྟེན་ཐོན་ལས་ཡིན།གཞེས་ནིང་ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་པ་དང་།ན་ནིང་སྒོར་ཁྲི་2.1བར་འཕར་བ་དེ་དུས་མཚུངས་ལས་བརྒྱ་ཆ་16.7འཕར་ཡོད།རྗེས་མར་ང་ཚོས་སྤུས་ལེགས་འབྲི་གཡག་གི་འབྱུང་འཕྲོད་གསོ་ཚགས་དང་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་འཚོལ་ཞིབ་བྱས་ཏེ་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་སླར་ཡང་ཆེ་རུ་གཏོང་རྩིས་ཡོད་ཅེས་བཤད།
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེའི་ཐོག་དེ་བས་ཚ་ཚ་འུར་འུར་གྱི་འཕེལ་རྒྱས་ཀྱི་ནུས་པ་ཞིག་མངོན་བཞིན་ཡོད།2011ལོ་ནས་བཟུང་།ཡངས་ཡིད་གྲོང་ཚོས་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་དང་འོད་འཕྲོའི་ཐོན་ཁུངས་ལ་བརྟེན་ནས་ས་འོག་ཚ་ནུས་གློག་ཁང་དང་འོད་ཤུགས་གློག་ཁང་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས་ལེགས་གྲུབ་ལྡན་པའི་ངང་ནང་འདྲེན་བྱས་པས།གྲོང་མིར་རྩྭ་རའི་ཁ་གསབ་དང་ཡོང་འབབ་བགོ་བཤའ་ཐོབ་པར་མ་ཟད།འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་ཡོད།ལོ་31ལ་སླེབས་པའི་ཚེ་དབང་བསམ་གྲུབ་ནི་འཕོ་འགྱུར་དེའི་ནང་ཞུགས་མཁན་གྱི་གྲས་ཤིག་རེད།
2018ལོར་ཚེ་དབང་བསམ་གྲུབ་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ས་གནས་དེ་གའི་ས་འོག་ཚ་ནུས་གློག་ཁང་གི་ལས་མི་ཁག་དང་པོར་གྱུར་ཡོད།ཚེ་དབང་བསམ་གྲུབ་ཀྱིས་གཞི་རིམ་གྱི་འཁོར་སྐྱོད་མི་སྣ་ནས་ད་ལྟའི་ལག་རྩལ་རྐང་འཛིན་པའི་བར་ལོ་བདུན་རིང་།ང་དང་ནུས་རྒྱུ་གསར་པའི་ཐོན་ལས་མཉམ་དུ་འཕེལ་རྒྱས་ཕྱིན་ཡོད།ཁྱིམ་ཚང་ཁྲི་སྟོང་མང་པོས་ང་ཚོས་ཐོན་སྐྱེད་བྱས་པའི་ནུས་རྒྱུ་གཙང་མ་སྤྱོད་ཀྱི་ཡོད་པ་ཡིད་ལ་འཁོར་དུས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག རྗེས་སུ་ངས་མུ་མཐུད་རྩལ་ནུས་མཐོ་རུ་བཏང་ནས་ཕ་ཡུལ་གྱི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ལོ་ངོ་དྲུག་ཅུའི་འཕོ་འགྱུར་ཆེན་པོ་ལས།དེ་རིང་གི་ཡངས་ཡིད་གྲོང་ཚོར་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.1བར་འཕར་བ་དང་།རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ་85བར་མཐོ་རུ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཉམ་དུ་འཕེལ་རྒྱས་བྱུང་ཡོད།དེ་སྔ་བཀག་སྡོམ་གྱི་དབང་དུ་སོང་བའི་ས་མཐོའི་གྲོང་སྡེ་དེ་ད་ཆ་ནུས་རྒྱུ་འབྱོར་ཕྱུག་དང་།ཐོན་ལས་ཀྱི་ས་རྒྱུ་གཤིན་པ།འབྱུང་འཕྲོད་ཀྱི་ཁྱིམ་གཞིས་བཅས་སུ་གྱུར་ནས་དུས་རབས་གསར་པའི་རྩྭ་ཐང་གི་འབྲོག་གླུ་འདམ་གཞུང་རྩྭ་ཐང་དུ་དེ་བས་མི་སེམས་འགུལ་བའི་ངང་ལེན་བཞིན་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社