分享按钮

(པར་ངོས་གསུམ་པར་མཐུད)དཔེར་ན། རྒྱ་ཡིག་གི“这件事我必须要讲清楚,那怕大家不高兴。”ཞེས་པ་ལྟ་བུ་བོད་ཡིག་ཏུ“ཚང་མ་མ་དགའ་ན་ཡང་གནས་ཚུལ་འདི་ངས་ངེས་པར་དུ་ཁ་གསལ་པོར་ཤོད་ཀྱི་ཡིན”ཞེས་ཚིག་ཚན་སྔ་ཕྱི་བསྣོལ་བའམ་གོ་རིམ་ལྡོག་ནས་བསྒྱུར་དགོས་པར་མ་ཟད། བར་དུ་བརྟག་པ་མཐའ་བཟུང་གི་སྦྲེལ་ཚིག“ན་ཡང”ཞེས་པ་སྦྱར་ནས་མཚོན་པར་བྱེད་དགོས་པ་ལྟ་བུའོ།

གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ“གལ་སྲིད་……ན”དང་། “ན་ཡང”སོགས་སྦྱར་ན་ཚིག་ཚན་སྔ་མས་བརྟག་པ་མཐའ་བཟུང་གིས་དོན་ཞིག་བསྟན་ཏེ་ཚིག་ཚན་ཕྱི་མས་སྔ་མའི་བསྟན་པའི་དོན་དེའི་འབྲས་བུ་རིགས་འདེད་དམ་སྒྲུབ་བཞིན་ཡོད་པས་བརྟག་པ་མཐའ་བཟུང་གི་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།

7 ཆ་རྐྱེན་ཚིག་སྦྲགས། (条件复句)

དེ་ཡང་ཆ་རྐྱེན་ཚིག་སྦྲགས་ཞེས་པ་ནི“བརྗོད་བྱའི་དོན་དག་ལས་གཙོ་ཆེར་གྱུར་པ་དང་སྐབས་སུ་འབབ་པའི་བྱ་བ་དེའི་ཆེད་དུ་དགར་ཅིང་དམིགས་ཀྱིས་བརྗོད་པར་བྱ་བ་ལ། ཚིག་ཚན་སྔ་མའི་བརྗོད་བྱ་ནི་ཚིག་ཚན་ཕྱི་མའི་བརྗོད་དོན་འགྲུབ་བྱེད་ཀྱི་ཆ་རྐྱེན་དུ་བཀོད་པ་དང་། ཚིག་ཕྱི་མས་གོང་གི་ཆ་རྐྱེན་དེ་ལ་བརྟེན་ནས་བྱུང་བའི་གནས་ཚུལ་དང་གྲུབ་འབྲས་སྟོན་པ་ཞིག་ཡིན”⑩ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་སྦྲེལ་ཚིག་རྐྱང་པ“才、凡、只有、只要、除非”ལྟ་བུ་དང་། སྦྲེལ་ཚིག་སྦྲགས་མ“只有……才、只要……就、只有……就、无论……却、不管……还、越……越、除非……才能、必须……才、凡是……才、无论……都、不管……都要”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་། དེ་དག་བོད་སྐད་ཀྱི་ཁྲོད་དུ“ཀྱང་ཡང་འང”གསུམ་རྒྱན་སྡུད་སོགས་དང་། “ན་སྒྲ” “གཞི་ནས” “མ་གཏོགས” “ཁོ་ན” “ཕྱིན” “གང་ལྟར” “ཇི་ཙམ་……ན་……དེ་ཙམ་གྱིས” “ཅི་ལྟར་……དེ་ལྟར” “དེ་ལྟར་བྱས་ན་(མ་བྱས་ན)……གཞི་ནས”“ཀྱང་……ན་ཡང” “ཡིན་འང་འདྲ་……གང་ལྟར” “ན་……ཕྱིན་……ཚེ”སོགས་སྦྱར་ནས་མཚོན་པར་བྱེད་དགོས།

དཔེར་ན། རྒྱ་ཡིག་གི་除非他能满足我们的要求,否则没有商量的余地。ཞེས་པ་ལྟ་བུ་བོད་ཡིག་ལ། “ཁོས་ང་ཚོའི་རེ་བ་སྐོང་ཐུབ་ན་མ་གཏོགས་གྲོས་འཆམ་འབྱུང་མི་སྲིད”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“除非……否则”ཞེས་པ་དེ་བོད་ཡིག་ཏུ“མ་གཏོགས”ཞེས་སྒྱུར་ན་ནང་དོན་ཇི་བཞིན་དུ་མཚོན་ཐུབ་པ་ལྟ་བུའོ།

ཡང་དཔེར་ན། རྒྱ་ཡིག་གི་只要把这篇文章写好,你的任务就完成了。ཞེས་པ་ལྟ་བུ་བོད་ཡིག་ལ། “རྩོམ་ཡིག་འདི་ཡག་པོ་ཞིག་འབྲི་ཐུབ་ན་ཁྱེད་ཀྱི་ལས་འགན་འགྲུབ་པ་ཡིན”ཞེས་བསྒྱུར་དགོས་པ་དང་། དེའི་ནང་གི་རྒྱ་ཡིག“只要……就”ལྟ་བུ་བོད་ཡིག་ཏུ“ན”ལྟ་བུར་བསྒྱུར་ན་འགྲིག་སྙམ།

གོང་གསལ་གྱི་དཔེར་བརྗོད་དེ་རྣམས་ཀྱི་ཁྲོད་དུ“མ་གཏོགས”དང་། “ན” སོགས་སྦྱར་ན་ཚིག་ཚན་སྔ་མའི་བརྗོད་བྱ་ནི་ཚིག་ཚན་ཕྱི་མའི་བརྗོད་དོན་འགྲུབ་བྱེད་ཀྱི་ཆ་རྐྱེན་དུ་བཀོད་པ་དང་། ཚིག་ཕྱི་མས་གོང་གི་ཆ་རྐྱེན་དེ་ལ་བརྟེན་ནས་བྱུང་བའི་གནས་ཚུལ་དང་གྲུབ་འབྲས་སྟོན་བཞིན་ཡོད་པས་ཆ་རྐྱེན་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།

8 རྒྱུ་འབྲས་ཚིག་སྦྲགས། (因果复句)

དེ་ཡང་རྒྱུ་འབྲས་ཚིག་སྦྲགས་ཞེས་པ་ནི“རྒྱུ་མཚན་འདྲེན་པའི་དོན་ཏེ། ཚིག་སྔ་ཕྱི་གཉིས་ཀྱིས་སོ་སོར་རྒྱུ་ཞིག་དང་། རྒྱུ་དེ་ལས་བྱུང་བའི་འབྲས་བུའི་བར་གྱི་འབྲེལ་བ་བརྗོད་པ་ཞིག་ཡིན”⑪ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་སྦྲེལ་ཚིག་རྐྱང་པ“因此、之所以、以致、因而、所以、从而、可见、故此、故而”ལྟ་བུ་དང་། སྦྲེལ་ཚིག་སྦྲགས་མ“因为……所以、由于……就、既然……就、之所以……是因为、由此……就、因……以致、因为……便、由于……因此、既然……于是”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་། དེ་དག་བོད་སྐད་ཀྱི་ཁྲོད་དུ“དང་སྒྲ”དང་། “པས” “བས” “རྐྱེན་གྱིས” “ཕྱིར” “སྟབས” “གཤིས” “དེ་བས” “དེས་ན” “དེར་བརྟེན” “བྱས་ཙང” “གང་ཡིན་ཟེར་ན” “རྒྱུ་མཚན་ནི” “དབང་གིས” “ན” “ཏེ……པས” “ནི་……སྟབས” “དེ་ནི་……རྐྱེན་གྱིས” “རྒྱུ་མཚན་ནི……རྐྱེན་གྱིས་རེད” “གང་ལགས་ཤེ་ན་……རྐྱེན་གྱིས་རེད” “དེའི་ཐོག་ནས……ཤེས་ཐུབ”སོགས་སྦྱར་ནས་མཚོན་པར་བྱེད་དགོས།

དཔེར་ན། རྒྱ་ཡིག་གི་既然大家都努力了,就一定会有满意的成绩。ཞེས་པ་ལྟ་བུ་བོད་ཡིག་ལ། “ཚང་མས་འབད་བརྩོན་བྱས་ཡོད་ན། བློ་ཡིད་ཚིམ་པའི་འབྲས་བུ་ཞིག་འཐོབ་ངེས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“既然……就”ཞེས་པ་དེ་བོད་ཡིག་ཏུ“ན”ཞེས་སྒྱུར་ན་ནང་དོན་ཇི་བཞིན་དུ་མཚོན་ཐུབ་པ་ལྟ་བུའོ།

ཡང་དཔེར་ན། རྒྱ་ཡིག་གི་今天我们之所以有力量,是因为全国人民的团结,我们在座的人人合作,各民主党派,各人民团体的合作。ཞེས་པ་ལྟ་བུ་བོད་ཡིག་ལ། “དེང་གི་སྐབས་སུ་ང་ཚོར་སྟོབས་ཤུགས་ལྡན་པའི་རྒྱུ་མཚན་ནི་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་དང་། འདིར་བཞུགས་ཀྱི་མི་ཚང་མའི་མཉམ་ལས། དམངས་གཙོ་ཏང་ཁག་སོ་སོ་དང་། མི་དམངས་ཀྱི་ཚོགས་པ་སོ་སོས་མཉམ་ལས་བྱས་པའི་རྐྱེན་གྱིས་རེད”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“因为”ལྟ་བུ་བོད་ཡིག་ཏུ“རྒྱུ་མཚན་ནི……རྐྱེན་གྱིས་རེད”ལྟ་བུར་བསྒྱུར་ན་འགྲིག་སྙམ།

གོང་གསལ་གྱི་དཔེར་བརྗོད་དེ་དག་གི་ཁྲོད་དུ“ན”དང་། “རྒྱུ་མཚན་ནི……རྐྱེན་གྱིས་རེད”སོགས་སྦྱར་ན་ཚིག་ཚན་སྔ་ཕྱི་གཉིས་ཀྱིས་རྒྱུ་ཞིག་དང་འབྲས་བུའི་འབྲེལ་བ་ཞིག་སྟོན་བཞིན་ཡོད་པས་རྒྱུ་འབྲས་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།

9 དམིགས་གཏད་ཚིག་སྦྲགས། (目的复句)

དེ་ཡང་དམིགས་གཏད་ཚིག་སྦྲགས་ཞེས་པ་ནི“ཚིག་ཚན་ཞིག་གིས་བྱ་བ་ཞིག་བྱས་པ་སྟོན་པ་དང་། ཅིག་ཤོས་ཀྱིས་བྱ་བ་དེ་དགོས་པ་ཅི་ཞིག་གི་ཆེད་དུ་བྱས་པའི་དམིགས་ཡུལ་གསལ་བར་བྱེད་པའམ། དགོས་པ་ཞིག་ལ་ཉེ་བར་དམིགས་ནས་བྱ་བ་ཞིག་བྱས་པ་སྟོན་པ་ལ་ཟེར”⑫ཞེས་གསུངས་པ་དང་། རྒྱ་ཡིག་གི་ཁྲོད་དུ་རྒྱུན་སྤྱོད་ཀྱི་སྦྲེལ་ཚིག་རྐྱང་པ“为了、以便、免得、为着、为使、以免、借以、用以、省得、就是为了、是为了、为的是”ལྟ་བུ་སོགས་སྤྱོད་ཀྱིན་ཡོད་པ་དང་། དེ་དག་བོད་སྐད་ཀྱི་ཁྲོད་དུ་ལ་དོན་ལས་དགོས་པ་སྟོན་པའི་རིགས་དང་། དགོས་པ་གསལ་བྱེད་ཀྱི་སྒྲ“ཆེད་དུ”དང་། “དོན་དུ” “ཕྱིར་དུ” “སླད་དུ”སོགས་ཚིག་སྔ་ཕྱིའི་བར་མཚམས་སུ་སྦྱར་ནས་མཚོན་པར་བྱེད་དགོས།

དཔེར་ན། རྒྱ་ཡིག་གི་为了满足老百姓的需求,我们要加倍的努力。ཞེས་པ་ལྟ་བུ་བོད་ཡིག་ལ། “མང་ཚོགས་ཀྱི་དགོས་མཁོ་བསྐང་ཐུབ་པའི་ཆེད་དུ། ང་ཚོས་ལྡབ་འགྱུར་གྱིས་འབད་བརྩོན་བྱ་དགོས”ཞེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“为了”ཞེས་པ་དེ་བོད་ཡིག་ཏུ“ཆེད་དུ”ཞེས་བསྒྱུར་ན་ནང་དོན་ཇི་བཞིན་དུ་མཚོན་ཐུབ་པ་ལྟ་བུའོ།

ཡང་དཔེར་ན། རྒྱ་ཡིག་གི་他特意乘车来到这个僻静地方,是为了检查一下他以往的生活,考虑一下今后的生活。ཞེས་པ་ལྟ་བུ་བོད་ཡིག་ལ། “ཁོང་གིས་ཆེད་མངགས་རླངས་འཁོར་ལ་བསྡད་ནས་གནས་དབེན་པ་འདིར་ཡོང་དོན་ནི་ཁོང་གི་སྔར་བྱུང་གི་འཚོ་བར་ཞིབ་བཤེར་དང་། མ་འོངས་བའི་འཚོ་བར་བསམ་བློ་གཏོང་བའི་ཆེད་དུ་རེད”ཅེས་བསྒྱུར་དགོས་པ་དང་། འདིའི་ནང་གི་རྒྱ་ཡིག“为了”ལྟ་བུ་བོད་ཡིག་ཏུ“ཡོང་དོན་ནི……ཆེད་དུ་རེད”ལྟ་བུར་བསྒྱུར་ན་འགྲིག་སྙམ།

གོང་གསལ་གྱི་དཔེར་བརྗོད་དེ་དག་གི་ཁྲོད་དུ“ཆེད་དུ”དང་། “ཡོང་དོན་ནི་……ཆེད་དུ་རེད”སོགས་སྦྱར་ན་དགོས་པ་གང་ཞིག་གམ་དམིགས་ཡུལ་གང་ཞིག་གི་ཆེད་དུ་བྱ་བ་བྱས་པ་སྟོན་བཞིན་ཡོད་པས་དམིག་གཏད་རྒྱུ་འབྲས་ཚིག་སྦྲགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།

མཇུག་བསྡུའི་གཏམ།

མདོར་ན། ཚིག་སྦྲགས་མ་ནི་རྒྱ་ཡིག་གི་ཚིག་གི་རྣམ་པར་དབྱེ་བ་དགར་བའི་རིགས་ཤིག་ཡིན་མོད། འདི་ཉིད་བོད་རང་གི་བརྡ་སྤྲོད་ཀྱི་རྣམ་པ་དང་མཐུན་ཆ་མང་ལ། ཡིག་སྒྱུར་བྱེད་དུས་ཀྱང་གལ་ཆེའི་གནས་བབ་ཅིག་ཟིན་ཡོད་པས། སྒྱུར་ཐབས་འདི་ལ་དོ་སྣང་མང་ཙམ་འཇོག་དགོས་སྙམ་ནས། འདིར་ལོ་མང་རིང་རང་ཉིད་ཀྱིས་ཡིག་སྒྱུར་གྱི་ལས་དོན་གཉེར་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་སྦྲེལ་ཚིག་ཡོད་པའི་རིགས་ལ་དཔྱད་པ་རོབ་ཙམ་བཏང་བ་ཡིན་པས་མི་འགྲིག་པའི་ཆ་ཡོད་ན་དགོངས་འགལ་མེད་པར་ཞུ།

ལུང་ཁུངས།

①③④⑦⑧⑫འབའ་སྟོད་ཚེ་དབང་རྡོ་རྗེས་སྒྲིག་རྩོམ་བྱས། རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསལ་དགའ་སྟོན། [M]མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་12པར་པེ་ཅིང་དུ་དཔར་ཐེངས་དང་པོ་བརྒྱབ། ཤོག་ལྷེ་161ནས་162 ཤོག་ལྷེ་166 ཤོག་ལྷེ་252ནས་253 ཤོག་ལྷེ་167 ཤོག་ལྷེ་268 ཤོག་ལྷེ་174

②⑤⑨⑩⑪རིག་འཛིན་གྱིས་བརྩམས། རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ་11དཔར་ཐེངས་དང་པོ་དཔར། ཤོག་ལྷེ་244ནས245 ཤོག་ལྷེ་258ནས་259 ཤོག་ལྷེ་268 ཤོག་ལྷེ་276 ཤོག་ལྷེ་271

⑥ རིག་འབྲུག་ལྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས། རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། [M] མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་8པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ལྷེ་249

ཐོ་ཀྱཱའི་པདྨ་རྒྱལ། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་ཡིག་ཡིག་སྒྱུར་པུའུ་རུ་ཕྱག་ལས་གནང་བཞིན་ཡོད།

འབྲེལ་གཏུག་ཁ་པར་:13638913252

ཁ་བྱང《རྒྱ་བོད་ཡིག་སྒྱུར་ལས་སྦྲེལ་ཚིག་དངོས་སུ་སྦྱར་བའི་ཚིག་སྦྲགས་མའི་

སྒྱུར་ཐབས་སྐོར་ལ་ཅུང་ཟད་དཔྱད་པ》

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206569.html 1 /enpproperty-->