分享按钮

ལོ་ངོ་དྲུག་ཅུའི་རིང་རང་གྲོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ་འཚོ་གནས་འགན་ལེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བར་གྱི་འགྱུར་ལྡོག་ཕྱིན་པ།

(པར་ངོས་དང་པོར་མཐུད)སྨན་བཅོས་ཀྱི་ཁོར་ཡུག་ཆེས་ཆེར་ལེགས་སུ་ཕྱིན་ཡོད།

གྲོང་མི་སྐལ་བཟང་གིས་ད་ཆ་ནད་ལྟ་བར་དེ་སྔ་ལས་སྟབས་བདེ་རུ་ཕྱིན་འདུག སྔོན་ཆད་ལྟར་སྨན་པ་བསྟེན་ཆེད་ཐག་རིང་པོ་འགྲོ་མི་དགོས་པར་གནད་དོན་མང་ཆེ་བ་ཉེ་འགྲམ་དུ་ཐག་གཅོད་ཐུབ་ཀྱི་ཡོད་པས་ཡར་རྒྱུག་མར་རྒྱུག་བྱེད་པའི་དཀའ་ངལ་བསལ་བར་མ་ཟད། སྨན་པ་བསྟེན་པའི་བརྒྱུད་རིམ་ཡང་མི་ཉུང་བ་ཞིག་སྟབས་བདེ་རུ་ཕྱིན་པ་དང་། དཔེར་ན་ཨང་ཐོ་འགོད་པ་དང་སྨན་ལེན་པའི་ལྷུ་ཚིགས་དེ་དག་ཚང་མ་དེ་བས་སྟབས་བདེ་རུ་ཕྱིན་ནས་དངོས་གནས་མི་གཤིས་ཅན་དུ་གྱུར་འདུག་ཅེས་བཤད།

མཁྲེགས་ཆས་རིམ་སྤོར་བྱས་པའི་རྒྱབ་ཏུ་ཆེད་ལས་ཅན་གྱི་སྨན་བཅོས་དཔུང་ཁག་གི་འདེགས་སྐྱོར་ཤུགས་ཆེན་ཞིག་ཡོད། བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་། བོད་དུ་འཕྲོད་བསྟེན་མི་སྣ་ཉུང་ཉུང་ལས་མེད་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་མི་སྣའི་བསྡོམས་འབོར་13740ཟིན་པའི་ནང་། ཁྱོན་སྨན་པ་4277ཡོད་པ་དང་ཐོ་འགོད་སྨན་གཡོག་4100ཟིན་ཡོད་པ་རེད།

2025ལོར། གྲོང་ཁྱེར་ཡོངས་ཀྱི་སྨན་དོན་མི་སྣས་ལག་ཁྱེར་འཁྱེར་ཚད་བརྒྱ་ཆ་79.87ཟིན་ནས་སྨན་བཅོས་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཀྲང་ཀང་གིས་ངས་2017ལོ་ནས་བཟུང་ཁེར་རྐྱང་དུ་ནད་པར་སྨན་བཅོས་བྱེད་ཀྱི་ཡོད། མིག་སྔར་སྨན་བཅོས་བྱས་པའི་ནད་དཔེ་1000ལས་བརྒལ་བ་དང་གཤགས་བཅོས་བྱས་པ་ཐེངས་གྲངས་800ཡན་ཟིན་ཡོད་ཅེས་བཤད།

2019ལོར། ལྷ་ས་གྲོང་ཁྱེར་གྱིས་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་མཉམ་སྡེབ་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཏེ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། 2025ལོར། གྲོང་ཁྱེར་ཡོངས་ཀྱི་དམ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་སྡེབ་ལ་གཅིག་གྱུར་དྲུག་ཁྱོན་ཡོངས་ལ་ཁྱབ་ནས་གྲོང་ཚོ(གྲོང་ལྷན)287གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཨུ་ལྷན་དང་ཁྱིམ་ཚང་སྨན་པའི་ཞབས་ཞུ་ཚོགས་པ་338བཙུགས་པ་དང་། ཁྱིམ་ཚང་སྨན་པ་ཁྱོན་མི་གྲངས་1093ཟིན་ཡོད།

དྲིན་སྐྱོང་གླིང་གི་གྲོང་མི་ལྷ་མོས་ང་2016ལོར་འདིར་སྤོས་ནས་གནས་སྡོད་བྱས་པ་ཡིན། དང་ཐོག་ལུས་པོ་ཅུང་མི་བདེ་བའི་སྐབས་རང་ཉིད་སྨན་ཁང་དུ་འགྲོ་ཡི་ཡོད། ཕྱིས་སུ་རྒྱལ་ཁབ་ཀྱིས་སྙིང་ཉེ་བའི་དམངས་ཕན་སྲིད་ཇུས་བཏོན་ནས་ང་ཚོར་ཁྱིམ་ཚང་སྨན་པ་བཀོད་སྒྲིག་བྱས་ཡོད། ད་ཆ་གལ་ཏེ་གཟུགས་པོ་མི་བདེ་བ་བྱུང་ཚེ་ཁ་པར་བརྒྱབ་ན་དུས་ཐོག་ཏུ་སྨན་པ་ཁྱིམ་དུ་ཡོང་ནས་ཞབས་ཞུ་སྒྲུབ་ཀྱི་ཡོད། ཁྱིམ་ཚང་སྨན་པའི་སྨན་བཅོས་ལག་རྩལ་བྱང་ཆུབ་པར་མ་ཟད། ད་དུང་དེ་བས་འགན་འཁྲི་ཞིབ་ཚགས་ཁུར་ནས་ང་ཚོའི་བདེ་ཐང་ལ་དེ་བས་འགན་ལེན་བྱས་ཡོད་པས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་རང་འགན་གཙང་སྒྲུབ་བྱེད་མཁན་སྨན་པ་དེ་དག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཡིན་ཞེས་བཤད།

ཉན་བརྟག་ཡོ་བྱད་དང་ཁྲག་ཤེད་འཇལ་ཆས་ཀྱི་སྟབས་བདེའི་ལོ་རབས་ནས་ད་ཆའི་སྤྲིན་ཚོམ་ལྷན་ཚོགས་ནད་དཔྱད་དང་རྨ་ཆུང་གཤགས་བཅོས་ཀྱི་གནད་སྨིན་སྨན་བཅོས་བར་ལྷ་ས་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བརྒྱུད་དེ་ལག་རྩལ་གསར་པ་170ལྷག་ཙམ་ནང་འདྲེན་བྱས་པ་དང་། རྫོང་རིམ་པའི་སྨན་ཁང་དུ་ལག་ངར་རུས་ཆག་དང་སྙིང་ལ་གཙགས་བུ་རྒྱག་པ་སོགས་ཀྱི་ལག་རྩལ་ཚད་བརྒལ་བྱུང་བ། རྒྱང་ཁྲིད་སྨན་བཅོས་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པ། དམ་ཚགས་རྣམ་པའི་སྨན་བཅོས་མཉམ་སྡེབ་བརྙན་པར་མཉམ་སྤྱོད་ལྟེ་གནས་དེ་ཤང་དང་གྲོང་རྡལ་45ལ་ཁྱབ་ནས་ནད་ཆུང་རྫོང་དུ་བཅོས་ཐུབ་པ་དང་ནད་ཆེན་བོད་དུ་བཅོས་ཐུབ་པ་དངོས་གནས་བྱུང་ཡོད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མཐོ་རིམ་རྨས་སྐྱོན་ལྟེ་གནས་ལ་རྒྱལ་ཁབ་རིམ་པའི་བདེན་དཔང་ར་སྤྲོད་བྱས་པ་དེའི་ཐོག་ནས་ལྟེ་གནས་ཆེན་པོ་ལྔ་འཛུགས་སྐྲུན་དེ་ལྟེ་གནས་འཛུགས་སྐྲུན་ནས་ལྟེ་གནས་སྟོབས་ཆེའི་ཕྱོགས་སུ་བསྐྱོད་པ་མཚོན་ཡོད།

བོད་རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་། ཞིང་འབྲོག་པའི་སྦུམ་མར་ཕྲུ་གུ་སྐྱེ་སྐབས་མང་ཆེ་བ་ཡུལ་ཐབས་ལ་བརྟེན་ནས་སྐྱེ་བསུ་བྱེད་ཀྱི་ཡོད་པས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་མཐོ་པོ་ཡོད། ལོ་ངོ་60ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་བུད་མེད་དང་བྱིས་པའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་མུ་མཐུད་ལེགས་སུ་བཏང་ཞིང་། 2024ལོར། གྲོང་ཁྱེར་ཡོངས་སུ་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་བརྒྱ་ཆ་99.98ཟིན་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་བརྒྱ་ཆ་2.17ཟིན་ཡོད།

སྦྲུམ་མའི་ནང་མི་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་དེ་སྔ་ཕྲུ་གུ་སྐྱེ་བར་ཉེན་ཁ་ཆེ་ཙམ་ཡོད་པས་སྦྲུམ་མ་དང་ནང་མིར་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ད་ཆ་དེ་སྔ་དང་གཏན་ནས་མི་འདྲ་བར་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པར་མ་ཟད། ད་དུང་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་པ་དང་། སྨན་བཅོས་ལག་རྩལ་ཡང་ཉིན་རེ་བཞིན་ཡར་རྒྱས་བྱུང་ནས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་འཇགས་ལ་འགན་ལེན་བརྟན་པོ་བྱས་ཡོད། དེ་དང་ཆབས་ཅིག་སྨན་ཁང་གི་ཁོར་ཡུག་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པ་དང་། ནད་ཁང་གི་སྒྲིག་བཀོད་ཆ་ཚང་བ། སྨན་དོན་པའི་རྣམ་འགྱུར་བྱམས་བརྩེ་ལྡན་ལ་ངང་རྒྱུད་རིང་བ། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་ནས་ཕྲུ་གུ་སྐྱེས་རྗེས་ཀྱི་ནད་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་སྙིང་ཉེ་བའི་ཞབས་ཞུ་་སྒྲུབ་ཀྱི་ཡོད་ཅེས་བཤད།

ཧྥུའུ་ཁང་སྨན་ཁང་གི་གཉེར་སྐྱོང་ཡོན་ཀྲང་མཱ་ལའེ་ཡིས་2005ལོའི་ཟླ་4ཚེས་28ཉིན་ཧྥུའུ་ཁང་སྨན་ཁང་དབུ་བརྙེས་པ་དང་། ཐོག་མར་དབུ་བརྙེས་པའི་སྐབས་ང་ཚོར་སྨན་ཁུལ་གཅིག་ལས་མེད་པ་ནས་ད་ཆ་སྨན་ཁུལ་4བར་འཕེལ་རྒྱས་བྱུང་བ་དང་། སྐབས་དེ་དུས་ལས་མི་50ལྷག་ཙམ་དང་ཉལ་ཁྲི་50ལྷག་ཙམ་ཡོད་པ་ནས་ད་ཆ་ནད་ཁྲི་520དང་ལས་མི་1700བར་འཕེལ་རྒྱས་བྱུང་ཡོད། ང་ཚོའི་སྨན་ཁུལ་དུ་ལོ་གཅིག་ནང་སྐྱེས་པའི་ཕྲུ་གུ་ཕལ་ཆེར་6200ཟིན་གྱི་ཡོད་ཅེས་བཤད།

ད་ཆ་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། སྨན་བཅོས་སྒྲིག་བཀོད་འཐུས་སྒོ་ཚང་བ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་ཕྱིན་པ། གཡུར་དུ་ཟ་བའི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་བཞིན་ཡོད།

ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཁྲེན་ལི་ཡིས་1965ལོ་ནས་2025ལོའི་བར། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ། སྒྲིག་གཞིའི་གྲངས་འབོར་ཐར་ཐོར་ནས་བརྒྱ་ཡན་བར་མང་དུ་ཕྱིན་པ་དང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་མེད་པ་ནས་ཡོད་པའི་བར་འགྱུར་ལྡོག་བྱུང་ཡོད། སྨན་བཅོས་ལག་རྩལ་ཐད་སྟབས་བདེ་ནས་རྙོག་འཛིང་ཆེ་བའི་གཤགས་བཅོས་བར་ནད་ཆེན་བོད་ནས་བཅོས་ཐུབ་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ནས་ལོ་72.5བར་རིང་དུ་ཕྱིན་ཡོད་པ་དང་། བུད་མེད་དང་ཕྲུ་གུའི་བདེ་ཐང་དམིགས་ཚད་མཐོ་ཚད་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད། རྗེས་མར་ལྷ་ས་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་མུ་མཐུད་ཤུགས་བརྒྱབ་ནས་སྨན་བཅོས་ཀྱི་ཐོན་ཁུངས་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་རེད་ཅེས་བཤད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206505.html 1 ལོ་ངོ་དྲུག་ཅུའི་རིང་རང་གྲོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་སྟེ་འཚོ་གནས་འགན་ལེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བར་གྱི་འགྱུར་ལྡོག་ཕྱིན་པ། /enpproperty-->