ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་20ཉིན་ནས་ཚ་གདུག་ཤར་བ་དང་བསྟུན་ནས་ཚ་དུས་གསུམ་གྱི་གནམ་གཤིས་བསྟན་འགོ་ཚུགས་པས།སྒལ་པ་ཉི་མར་སྲོ་བ་དེ་གླེང་མང་བའི་བརྗོད་གཞིར་གྱུར་ཡོད། དེར་བརྟེན་ཚ་དུས་གསུམ་ལ་སྒལ་པ་ཉི་མར་སྲོ་དགོས་སམ། སྒལ་པ་ཉི་མར་གང་འདྲ་སྲོ་དགོས་སམ། དོ་སྣང་བྱེད་དགོས་པ་གང་དག་ཡོད་པ་བཅས་ཀྱི་གནད་དོན་ལ་དམིགས་ནས། གསར་འགོད་པས་ཉིང་ཞ་གསོ་རིག་སློབ་ཆེན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་རིགས་གཅིག་མཁས་ཅན་ལ་བཅར་འདྲི་ཞུས་ཡོད།
ཉིང་ཞ་གསོ་རིག་ཚན་རིག་སློབ་ཆེན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀུའོ་པིན་གྱིས། ཚ་དུས་གསུམ་གྱི་སྐབས་སུ་རང་བྱུང་ཁམས་ཀྱི་ཉི་འོད་ཧ་ཅང་ཤུགས་ཆེ་བས་སྐབས་དེར་སྒལ་པ་ཉི་མར་སྲོས་ཚེ་ལུས་ཀྱི་རོ་ཙ་གསོ་བ་དང་གྲང་ངད་སེལ་བའི་ནུས་པ་ཧ་ཅང་བཟང་ཞིང་། ཀྲུང་ལུགས་གསོ་རིག་གི་ངོས་ནས་བརྗོད་ན།སྒལ་པ་ཉི་མར་སྲོས་ཚེ་ལུས་དྲོད་འཕེལ་བ་དང་ལུས་ཀྱི་གྲང་ངད་སེལ་ཐུབ་པར་མ་ཟད། ད་དུང་རླུང་དང་ཁྲག་གི་འཁོར་རྒྱུག་ལ་ཕན་ཐོགས་ཆེན་པོ་ཡོད། གྲང་བར་སྐྲག་པ་དང་། རྐང་ལག་བཞི་ལ་དྲོད་མེད་པ།གྲོད་པ་བཤལ་སླ་བ་བཅས་ལུས་ཟུངས་ཉམས་པའི་ནད་པ་དང་། གྲུམ་ནད་དང་། ལུས་སྟོབས་ཞན་པ། ཉོབ་མདངས་ལྡན་པ་བཅས་གཅོང་བའི་རིགས་ཀྱི་མི་ཚོགས། དབུགས་ཧལ་བ་དང་སྣའི་གཉན་ཚད་སོགས་དགུན་དུས་ནད་འབྱུང་སླ་བ། དེ་མིན་འཚོ་བཅུད་Dཅུང་ཟད་མི་འདང་བ་སོགས་ཀྱི་ནད་རྟགས་རིགས་ཡོད་མཁན་ཚོས་ཚ་དུས་གསུམ་ལ་སྒལ་པ་ཉི་མར་སྲོས་ཚེ་ནད་གཞི་དྲག་སྐྱེད་ཡོང་བར་ཕན་ཐོགས་ཡོད་ཅེས་བཤད།
སྒལ་པ་ཉི་མར་སྲོ་ཐབས་ཐད། རིགས་གཅིག་མཁས་ཅན་གྱིས།སྒལ་པ་ཉི་མར་སྲོ་སྐབས་རླུང་བུ་མེད་པའི་ས་ཆ་འདེམས་དགོས་པ་དང་། རྒྱབ་ཉི་མར་གཏད་པའམ་ཡང་ན་ཁ་སྦུབ་ཏུ་ཉལ་དགོས་པ། སྟོད་གོས་ཕུད་པའམ་ཡང་ན་སྟོད་གོས་སྲབ་མོ་ཞིག་གྱོན་ནའང་ཆོག་པ། སྒལ་པ་ཉི་མར་སྲོ་སྐབས་མགོ་ལ་ཞྭ་མོ་གྱོན་པའམ་ཡང་ན་ཉི་གདུགས་ཕུབ་ནས་མགོ་དང་གདོང་ལ་ཉི་མ་མི་ཕོག་པར་བྱེད་དགོས། སྒལ་པ་ཉི་མར་སྲོ་བའི་དུས་ཚོད་ཡག་ཤོས་ནི་སྔ་དྲོའི་ཆུ་ཚོད་9པའི་གོང་དང་ཕྱི་དྲོའི་ཆུ་ཚོད་4པའི་རྗེས་ཡིན།སྒལ་པ་ཉི་མར་སྲོ་སྐབས་དང་ཐོག་སྐར་མ་10སྲོས་ན་འགྲིག་གི་ཡོད། ལུས་ནས་རྔུལ་ཆུ་ཕྲན་བུ་དོན་སྐབས་ཉི་མར་སྲོ་མཚམས་འཇོག་དགོས་པ་དང་རྗེས་སུ་རིམ་བཞིན་ཉི་མར་སྲོ་བའི་དུས་ཚོད་མང་དུ་གཏོང་ཆོག འོན་ཀྱང་ཉི་མ་སྲོ་ཐེངས་གཅིག་ལ་མང་ཤོས་ལ་སྐར་མ་30ལས་བརྒལ་མི་རུང་། གལ་ཏེ་སྐྱི་པགས་དམར་པོར་གྱུར་པ་དང་ན་ཟུག་ལངས་ཚེ་ཉི་མར་སྲོ་མཚམས་འཇོག་དགོས།སྒལ་པ་ཉི་མར་སྲོ་རྗེས་དུས་ཐོག་ཏུ་ཆུ་དྲོད་འཇམ་འཐུང་དགོས་པ་དང་ཆུ་ཚོད་2ཀྱི་རྗེས་སུ་གཟུགས་པོ་བཀྲུ་དགོས།
སྒལ་པ་ཉི་མར་སྲོས་ཚེ་དགེ་མཚན་མང་པོ་ཡོད་མོད། འོན་ཀྱང་མི་ཚོགས་ཁ་ཤས་ལ་འཚམ་པོ་མེད། ཀུའོ་པིན་གྱིས་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་དང་འོད་སྐྱེན་རང་བཞིན་གྱི་ནད་ཕོག་མཁན་རིགས་ཀྱི་ནད་པས་སྒལ་པ་ཉི་མར་སྲོ་རྒྱུ་མེད་པའི་གྲོས་འགོ་བཏོན་ཡོད། དྲོད་ཚད་མཐོ་དྲགས་ཚེ་སྙིང་ཁམས་ཁྲག་རྩའི་ནད་པའི་ཁྲག་རྩ་ཇེ་ཆེར་འགྲོ་བ་དང་སྙིང་གཡུགས་ཚད་ཇེ་མགྱོགས་སུ་འགྲོ་སླ་བས་སྙིང་དང་ཀླད་པའི་ཁྲག་རྩ་འགག་ནས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སྲིད། པགས་པའི་གཉན་ཚད་ཡོད་མཁན་གྱི་ནད་པས་སྒལ་པ་ཉི་མར་སྲོས་ཚེ་པགས་པའི་ན་ཚ་ཇེ་སྡུག་ཏུ་འགྲོ་སྲིད། སྦྲུམ་མ་དང་ལོ་ན་མཐོ་བའི་རྒན་རྒོན་གྱིས་ཀྱང་སྒལ་པ་ཉི་མར་སྲོ་མི་རུང་། མི་ཚོགས་དེ་དག་གི་ལུས་དྲོད་སྙོམས་སྒྲིག་ནུས་པ་ཞན་པས་ཚ་གདུག་ཕོག་སླ་པོ་ཡོད།
གཞན་ཡང་།རིགས་གཅིག་མཁས་ཅན་གྱིས་ཚ་གདུག་ཤར་རྗེས་སྒལ་པ་ཉི་མར་སྲོས་པའི་ཕན་འབྲས་ཡག་པོ་ཡོད་མོད། འོན་ཀྱང་དེ་ནི་སྒལ་པ་ཉི་མར་སྲོ་བའི་དུས་སྐབས་གཅིག་པུ་དེ་མ་ཡིན་པར་དཔྱིད་ཀ་དང་དབྱར་ཁའི་དུས་སུའང་སྒལ་པ་ཉི་མར་སྲོ་ཆོག་གི་ཡོད།འོན་ཀྱང་ཚ་དྲོད་ཆེ་ཤོས་ཀྱི་དུས་སུ་ཉི་མ་སྲོ་མི་རུང་བའི་དྲན་སྐུལ་བྱས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社