པར་འདི་ནི་སྨན་དོན་པས་ཕྲུ་གུའི་ནད་གཞིར་བརྟག་དཔྱད་བྱེད་བཞིན་པའི་རྣམ་པ་ཡིན།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་1ཉིན། རང་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་དང་རོགས་སྐྱོབ་བྱ་སྤྱོད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ལི་ལི་ཏུང་གིས་ཀྲེན་ཀྲོའུ་གྲོང་ཁྱེར་སྙིང་རྩའི་ནད་གཞི་སྨན་ཁང་ཚུད་པའི་སྨན་བཅོས་དང་བླངས་ཚོགས་པ་ལྔ་ལ་དར་ཆ་སྤྲད་པ་དང་འབྲེལ་ཕོ་ཉའི་འགྲུལ་བཞུད་ཅེས་པའི་བོད་ལྗོངས་ཀྱི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
དེ་སྔ་རུ་སྣེ་ཁྲིད་དེ་བོད་དུ་ཐེངས་མང་ཕེབས་མྱོང་བའི་ཀྲེང་ཀྲོའུ་གྲོང་ཁྱེར་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབྱང་པིན་གྱིས་རང་ཉིད་ཀྱི་མྱོང་བ་དངོས་བརྒྱུད་ནས་རྣམ་གྲངས་ཀྱི་དགོས་གལ་རང་བཞིན་ནན་གསུངས་གནང་བ་རེད། ཁོང་གནས་སའི་ཚོགས་པ་བོད་ཀྱི་ས་ཁུལ(གྲོང་ཁྱེར)ཚང་མར་བསྐྱོད་དེ་རིམ་རྩིས་བྱས་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཆིག་ཁྲི་ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་། དེའི་ནང་གི་ནད་པ་200ལྷག་ཙམ་ལ་རིན་མེད་ངང་གཤགས་བཅོས་བྱས་པ་རེད། ཁོང་གིས་བོད་ནི་ལྷན་སྐྱེས་སྙིང་ནད་ཕོག་མང་བའི་ཁུལ་ཞིག་ཡིན་པས་ཕྲུ་གུ་མང་པོ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་པའི་དབང་གིས་མི་ཚེ་གང་བོ་སྡུག་ལ་སྦྱར་ཡོད། ང་ཚོའི་འདེམས་སྒྲུག་དང་གཤགས་བཅོས་བྱས་ནས་ཁོང་ཚོར་གཞན་དང་མི་འདྲ་བའི་འབྱུང་འགྱུར་ཞིག་གཏོད་འདོད་ཡོད་ཅེས་བཤད།
བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་དབྱིན་ཡའོ་ཧྲན་གྱིས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུན་མཐུད་རྒྱབ་སྐྱོར་འོག་འདས་ཟིན་པའི་ལོ་14ཡི་རིང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བཏང་ནས་སྔ་རྗེས་སུ་བོད་ཀྱི་ས་ཁུལ(གྲོང་ཁྱེར)བདུན་དུ་ཐེངས་14བསྐྱོད་དེ་ནད་པ་600ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད། གྲལ་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་ཆེད། ང་ཚོས་ས་གནས་འདི་གའི་སྐད་ལ་རྒྱུས་མངའ་ཡོད་པའི་དང་བླངས་པ་བཀོད་སྒྲིག་བྱས་ནས་སྨན་པ་དང་ནད་པའི་དབར་དྲོ་སྐྱིད་ལྡན་པའི་སྦྲེལ་ཟམ་བཙུགས་ཡོད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ལྷ་སའི་ས་ཚིགས་ཀྱི་གྲལ་བཤེར་ལས་དོན་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། ཡུལ་དངོས་སུ་རིགས་གཅིག་མཁས་ཅན་ཚོས་ཕྲུ་གུ་ཚོར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ། སྨན་དོན་པ་ཡོངས་ཀྱིས་ཚེ་སྲོག་ལ་གོང་བཀུར་དང་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་དད་སེམས་བརྟན་པོ་བརྒྱུད་སྤྲོད་བྱས་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社