分享按钮

ཞི་ཅིན་ཕིང་དང་ཐེ་རོན་ཕུས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་སྲིད་འཛིན་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་བོ་ཆེ་འདི་ཡང་དག་པའི་ཕྱོགས་སུ་བསྐྱོད་པར། ང་ཚོས་ཁ་ལོ་ཡག་པོ་སྒྱུར་བ་དང་ཁ་ཕྱོགས་ཡག་པོ་གཏན་འཁེལ་བྱེད་དགོས། ལྷག་པར་དུ་འགལ་རྐྱེན་སྣ་ཚོགས་དང་ཐ་ན་གཏོར་བཤིག་འགོག་སེལ་བྱེད་དགོས། དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཨ་རི་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་གཞིར་བཟུང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་སྣེ་ཁྲིད་པས་རི་ནེ་ཝ་རུ་གྲོས་མོལ་བྱས་པས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐག་གཅོད་བྱེད་པའི་གོམ་པ་གལ་ཆེན་ཞིག་སྤོ་ཐུབ་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དགའ་བསུ་ཞུས་ཡོད་ལ། སྐད་ཆ་ཤོད་རེས་དང་མཉམ་ལས་ནི་ཡང་དག་པའི་གདམ་ག་ཉག་གཅིག་དེ་ཡིན་པ་ཡང་ར་སྤྲོད་ཐུབ་ཡོད། ཕྱོགས་གཉིས་པོས་བཙུགས་ཟིན་པའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མོལ་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཐོག འདྲ་མཉམ་གྱི་རྣམ་འགྱུར་རྒྱུན་འཁྱོངས་དང་། རང་སོའི་དོ་ཁུར་བྱ་གཞིར་བརྩི་འཇོག་བྱས་ཏེ། མཉམ་རྒྱལ་གྱི་གྲུབ་འབྲས་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས། དེའི་ཐད་ཀྲུང་གོ་ཕྱོགས་ལ་ལྷག་བསམ་ཡོད་ལ་དེ་དང་ཆབས་ཅིག་རྩ་དོན་ཡང་ཡོད། ཀྲུང་གོ་བས་སྔ་ཕྱི་བར་གསུམ་དུ་གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱི་ཡོད། ཐུན་མོང་ངོས་འཛིན་བྱུང་ཡོད་པས། ཕྱོགས་གཉིས་ཀས་དེར་བརྩི་སྲུང་ཞུ་དགོས། རི་ནེ་ཝའི་གྲོས་མོལ་རྗེས། ཀྲུང་གོ་ཕྱོགས་ཀྱིས་གྲོས་མཐུན་དེ་དོ་ནན་ངང་ལག་བསྟར་བྱས་ཡོད། ཨ་རི་ཕྱོགས་ཀྱིས་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་ཐོག་ནས་ཐོབ་ཟིན་པའི་འཕེལ་རིམ་ལ་ལྟ་སྟངས་འཛིན་པ་དང་། ཀྲུང་གོར་ལག་ལེན་བསྟར་བའི་འགལ་རྐྱེན་གྱི་བྱ་ཐབས་མེད་པ་བཟོ་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་དཔལ་འབྱོར་ཉོ་ཚོང་། དམག་དཔུང་། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ། ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། གོ་འཛོལ་ཉུང་དུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཨ་རིས་ཐའེ་ཝན་གྱི་གནད་དོན་གཟབ་ནན་ངང་ཐག་གཅོད་བྱས་ཏེ། “ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་བ་ཆེས་ཉུང་ཤས་ཤིག་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་གདོང་ཐུག་དང་འགྲན་རྒོལ་གྱི་ཉེན་ཁའི་གནས་སུ་འདྲེན་རྒྱུ་སྔོན་འགོག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཐེ་རོན་ཕུས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཨ་ཀྲུང་འབྲེལ་བ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་དང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་ཤུགས་ཆེན་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པར་དགའ་པོ་བྱེད་ཀྱི་ཡོད། ཨ་རི་དང་ཀྲུང་གོས་མཉམ་ལས་བྱས་ན་བྱ་བཟང་མང་པོ་འགྲུབ་ཐུབ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་རི་ནེ་ཝའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་གྲོས་མཐུན་ཡག་པོ་འཇོག་ཐུབ་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་མཐུན་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཐེ་རོན་ཕུ་སླར་ཡང་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུས་པ་དང་། ཐེ་རོན་ཕུ་ཡིས་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་རི་ནེ་ཝའི་ཐུན་མོང་ངོས་འཛིན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས་རེས་སྐོར་གསར་པའི་གྲོས་མོལ་གང་མགྱོགས་བྱ་རྒྱུར་མོས་མཐུན་གནང་བ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c201997.html 1 ཞི་ཅིན་ཕིང་དང་ཐེ་རོན་ཕུས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། /enpproperty-->