ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།ཉི་དྲོད་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གློག་བརྙན་བསྟན་ནས་ཡུམ་གྱི་བྱམས་སེམས་མཚོན།མེ་ཏོག་ཕུལ་ནས་བརྩེ་བ་མཚོན་པར་བྱེད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་ནས་གློག་བརྙན་ལྟ་བ་དང་།མེ་ཏོག་སོས་པ་འབུལ་བ།སྨོན་འདུན་ཞུ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཡུམ་ལྷན་རྒྱས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
བྱེད་སྒོ་དེ་ཡུམ་གྱི་བྱམས་བརྩེ་གཙོ་དོན་དུ་བྱས་པའི་གློག་བརྙན《ཁམས་བཟང་།ལི་ཧོན་དབྱིང》ཞེས་པ་ལས་འགོ་ཚུགས་ཤིང་།གློག་བརྙན་ཁང་དུ་འཇམ་མཉེན་གྱི་གློག་འོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པའི་མ་ཡུམ་དུས་ཆེན་གྱི་གཙོ་དོན་བརྡ་ཁྱབ་ཀྱིས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་བཏོད་ཡོད།གློག་བརྙན་གྱི་ནང་དོན་གྱི་འཕེལ་རིམ་དང་བསྟུན་ནས་མི་སྣ་གཙོ་བོ་དངཡུམ་ཆེན་དབར་གྱི་ཟོལ་མེད་བརྩེ་སེམས་ལ་ཚོགས་ར་ཡོངས་ཀྱི་དགའ་བསུ་ཐོབ་པ་དང་།གྲོང་མི་མི་ཉུང་བ་ཞིག་གི་མིག་ཟུང་ལས་མིག་ཆུ་རང་དབང་མེད་པར་ཤོར་ཡོད།གློག་བརྙན་མཇུག་འགྲིལ་རྗེས།ཡུལ་དངོས་ཀྱི་ཨ་མ་ཞིག་གིས་གློག་བརྙན་བལྟས་པ་ལས་ང་ལ་རང་ཉིད་ཀྱི་ཨ་མ་དྲན་བྱུང་།སླད་ཕྱིན།དུས་ཚོད་མང་ཙམ་སྤྱད་དེ་ཁོང་དང་མཉམ་དུ་གཤིབས་རྒྱུ་ཡིན་ཞེས་བཤད།
གློག་བརྙན་མཇུག་འགྲིལ་རྗེས།སྡེ་ཁུལ་དུ་མེ་ཏོག་འབུལ་བའི་མཛད་སྒོ་འཚོགས་ཤིང་།ཨ་མའི་འཐུས་མི་10སྟེགས་བུའི་ཐོག་འཛེགས་པ་དང་སྡེ་ཁུལ་གྱི་ལས་དོན་པས་ལག་ཏུ་ཁང་ནའེ་ཤིན་དང་ལུག་མཉེ་སོགས་མེ་ཏོག་སོས་པ་ཁྱེར་ནས་ཨ་མ་ཚོར་གུས་འདུད་དང་བཅས་ཏེ་ཕུལ་བ་དང་འབྲེལ།དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།མེ་ཏོག་སོས་པ་ལག་ཏུ་བླངས་པའི་ཡུམ་ཆེན་ཚོའི་བཞིན་རས་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།ཨ་མ་ཞིག་གིས་སེམས་འགུལ་ཐེབས་པའི་ངང་མཛེས་སྡུག་ལྡན་པའི་མེ་ཏོག་དེ་འདྲ་ལག་ཏུ་འབྱོར་ཐེངས་དང་པོ་ཡིན།སྡེ་ཁུལ་གྱིས་ང་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་གློག་བརྙན་བསྟན་ནས་ཡུམ་གྱི་བྱམས་སེམས་མངོན།མེ་ཏོག་ཕུལ་ནས་བརྩེ་བ་མཚོན་པར་བྱེད་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་ནས་གློག་བརྙན་གྱི་སྒྱུ་རྩལ་དང་།མེ་ཏོག་སོས་པ།དྲོ་སྐྱིད་ལྡན་པའི་སྐད་ཆ་བཅས་ཀྱི་ཐོག་ནས་བརྩེ་སེམས་བརྒྱུད་སྤྲོད་ཀྱི་ལས་སྟེགས་བཏོད་དེ་ཁོངས་གཏོགས་ཁུལ་གྱི་ཡུམ་ཆེན་ཚོར་དུས་ཆེན་གྱི་དྲོ་སྐྱིད་ཚོར་བ་བྱས་པར་མ་ཟད།གྲོང་མིའི་ཁྱིམ་ཚང་གི་འགན་འཁྲི་འཁུར་སེམས་དང་སྡེ་ཁུལ་གྱི་གཏོགས་སྣང་སྔར་བས་ཆེ་རུ་བཏང་ཡོད།
སླད་ཕྱིན།ཉི་དྲོད་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གྲོང་མིར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་དམིགས་ཡུལ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་།སྲོལ་རྒྱུན་གྱི་དུས་ཆེན་གོ་སྐབས་སུ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུ་དང་།གྲོང་མིའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ།གྲོང་མིའི་བདེ་སྣང་དང་གཏོགས་སྣང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞི་མཐུན་གྱི་སྡེ་ཁུལ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社