分享按钮

ཡང་དག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་དགོས།

(པར་ངོས་དང་པོར་མཐུད)ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་ལ་དཀའ་སྡུག་ཚད་མེད་འཕྲད་ཀྱང་མཛའ་བརྩེ་དེ་བས་ཀྱང་ཟབ་མོ་ལྡན་པ་མཚོན་ཡོད་ཅེས་བཤད།

ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་བའི་མཁའ་ཟོན་ཉེན་བརྡ་སྔར་བཞིན་གཏོང་བཞིན་ཡོད་ལ་ཨའོ་སི་ཝུའེ་ཤིན་གྱི་གཅིག་བསྡུས་བཙོན་རའི་མདུན་གྱི་ལྕགས་ལམ་ད་དུང་སྐྱོ་ཉམས་ལྡན་པ་ཞིག་ཡོད་ཅེས་ཐེ་ལན་གྱི་ཐེ་ལན་དང་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའེ་ལུན་·ཕེ་ཁྲ་ཝུང་ཕ་ཏིས་བཤད་པ་དང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་དུ“ལོ་རྒྱུས་ཀྱི་དྲན་ཤེས་དང་གནས་ཚུལ་ངོ་མས་ང་ཚོར་བློ་སྒོ་ཕྱེ་བ་དེ་ནམ་ཡང་དོན་དངོས་དང་མཐུན་ལ་འབྱུང་འགྱུར་ཡང་མངོན་པར་བྱས་ཡོད”ཅེས་ནན་གསུངས་གནང་ཡོད། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་ནི་ཁྲག་དྲོན་དང་རང་སྲོག་བློས་བཏང་བ་ལས་བྱུང་བ་ཞིག་རེད། ལོ་རྒྱུས་ལ་སྲུང་སྐྱོང་བྱེད་པ་ནི་ལོ་རྒྱུས་ལ་བརྩི་འཇོག་བྱས་པ་ཞིག་ཡིན་པར་མ་ཟད། དེང་སྐབས་འཛམ་གླིང་གི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱས་པ་ཞིག་ཀྱང་རེད་ཅེས་བཤད།

ལྗར་པན་གྱི་འབུ་ཕྲའི་དམག་འཐབ་ལ་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་དང་ཙི་ཧོ་གསོ་རིག་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་བ་ཤིས་ཧྲན་ཧྲེང་ཧྥུའུ་ཡིས།འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མར་འཁྱོག་བཤད་བྱེད་རྩིས་བྱེད་པ་དང་།འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་ཁས་ལེན་མི་བྱེད་པའི་བྱ་སྤྱོད་ཚང་མ་ལེགས་གྲུབ་ཡོང་མི་སྲིད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྱང་ལོ་རྒྱུས་ཕྱིར་བཤོལ་བྱེད་རྩིས་བྱེད་མཁན་ལ་བཟོད་སྒོམ་བྱེད་མི་སྲིད་ཅེས་དང་།འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་ཟབ་མོ་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པར་ཚད་མཐོའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མར་སྲུང་སྐྱོང་བྱ་ཆེད་མི་རྣམས་ཀྱིས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱས་ཏེ་འབྱུང་འགྱུར་སྐྱོ་གར་དེ་འདྲ་བསྐྱར་དུ་མི་ཐོན་པར་བྱེད་དགོས་ཞེས་བཤད།

ཕོ་ལན་ཀེ་ཏན་སི་ཁེའི་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་གཏོད་མཁན་གྱི་ཀོན་ཀྲང་ཕ་ཝེར་·མ་ཧོ་ཚའེ་ཝུའེ་ཆིས།འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཡོངས་ཀྱི་སྐྱོ་གར་ཞིག་རེད། ང་ཚོས་ལོ་རྒྱུས་དག་ཁྱོན་ཡོངས་དང་ཇི་མ་ཇི་བཞིན་བརྗོད་དེ་དམག་འཁྲུག་གི་རྩུབ་སྤྱོད་ལ་བསམ་གཞིགས་གཏིང་ཟབ་བྱས་ནས་ཞི་བདེའི་སློབ་གསོར་ཤུགས་སྣོན་རྒྱག་དགོས་ཞེས་བཤད།

སར་པི་ཡའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་པ་ཡ་ལི་ཧྲན་ཏ་·སྨི་ཏི་ཆི་ཡིས།སར་པི་ཡའི་ངོས་ནས་བརྗོད་ན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་གནས་ཚུལ་ངོ་མར་སྲུང་སྐྱོང་བྱེད་པར་འབད་བརྩོན་ཆེན་པོ་བྱེད་དགོས་པའི་ཆ་འཕྲིན་གལ་ཆེན་བརྒྱུད་བསྒྲགས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨུ་རུ་སུར་འཚམས་འདྲི་གནང་བ་དེ་ཡང་དེ་དང་འདྲ་བའི་འབད་བརྩོན་གནང་བ་ཞིག་རེད། བློ་ཕམ་དགོས་པ་ཞིག་ལ་མིག་སྔར་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁག་ཅིག་གིས་ཀྲུང་གོ་དང་། ཨུ་རུ་སུ། སར་པི་ཡ་སོགས་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཐོག་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ཕམ་ཉེས་སུ་གཏོང་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་ལེགས་སྐྱེས་ཆེན་པོ་ཕུལ་བ་དེ་དག་སྣང་མེད་དུ་གཏོང་རྩིས་ཡོད་པ་ང་ཚོས་སྔར་བཞིན་མཐོང་ཐུབ་མོད། རེ་ངན་དེ་དག་ཕམ་ངེས་རེད་ཅེས་བཤད།

ཧྥ་རན་སེའི་ཁེ་ལས་མཁས་ཅན་དང་སྐབས་དོན་དཔྱད་གཏམ་པ་ཨ་ནུའོ་·པེ་ཐེ་ལང་གིས།ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་གསལ་གཟིགས་མང་པོ་འཁོད་ཡོད་ཅིང་། ལྷག་པར་དུ་དེ་སྔ་དང་ད་ཆ་བསྡུར་བ་བྱས་པ་བརྒྱུད།“མིའི་རིགས་སླར་ཡང་མཐུན་སྒྲིལ་ཡིན་ནམ་ཡང་ན་ཁ་ཕྲལ་ཡིན་པ་དང་། སྐད་ཆ་ཤོད་རེས་ཡིན་ནམ་ཡང་ན་ཁ་གཏད་ཡིན་པ། གཉིས་ཁེ་ཡིན་ནམ་ཡང་ན་རྒྱལ་ཕམ་ཡིན་པ”བཅས་ཀྱི་ཐོག་ནས“དམག་ཆེན་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ”དང་ལྷག་པར་དུ“མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས”ཞེས་བསྟན་གནང་ཡོད་ཅེས་དང་། པེ་ཐེ་ལང་གིས།ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནི་མིག་སྔའི་ཀྲུང་གོའི་འཐབ་ཇུས་ལ་བསམ་གཞིགས་དང་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པའི་ཀྲུང་གོས་བཙན་དབང་སྟོབས་ཤུགས་ལ་ངོ་རྒོལ་བྱ་རྒྱུར་གཞོལ་བ་ནི་ཕྱོགས་མང་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཞིག་རེད་ཅེས་བཤད།

ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་རླབས་ཆེན་ཕུལ་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་།ཀྲུང་གོ་དང་སུའུ་ལེན་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་ལྗར་པན་དམག་རྒྱལ་རིང་ལུགས་དང་འཇར་མན་ན་ཙི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྲོག་ཤིང་གལ་ཆེན་ཞིག་ཡིན་པས།འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ཐག་གཅོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཁབ་ཁག་གི་མི་སྣས་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོར་རྒྱལ་ཁ་ཐོབ་པ་དེས་དམག་རྒྱལ་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་ཀྱི་ཧམ་སེམས་རྦད་དེ་ཐལ་བའི་རྡུལ་དུ་བརླགས་པས་འཛམ་གླིང་ལ་དོན་སྙིང་རླབས་པོ་ཆེ་ལྡན་པའི་ངོས་འཛིན་བྱུང་ཡོད་ཅེས་ནན་གསུངས་གནང་ཡོད།

ཨུ་རུ་སུའི་རྒྱལ་ཁའི་རྟེན་རྫས་བཤམས་མཛོད་ཁང་གི་རིག་གཞུང་དྲུང་ཡིག་པའོ་ལི་སི་·ཆི་ལི་ཙུའོ་ཧྥུའུ་ཡིས།རྒྱལ་ཁ་ནི་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་མཐུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་པ་དང་། དེའི་ཁྲོད་དུ་སུའུ་ལེན་དང་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།སུའུ་ལེན་དང་ཀྲུང་གོའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཧྥ་ཤི་སིའི་དང་དམག་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཡོད། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་ཀྲུང་གོས་རང་སྲོག་བློས་བཏང་སྟེ་མཐར་ལྗར་པན་དམག་རྒྱལ་རིང་ལུགས་ཕམ་ཉེས་སུ་བཏང་བ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།

ཐ་ཇིག་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲན་པེ་རུ་གནས་པའི་ཨུ་རུ་སུ་དང་ཐ་ཇིག་སིའི་ལ་ཧྥུ་སློབ་ཆེན་ས་འབྲེལ་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའུ་ཙེར·མའེ་ཐེ་ཅིན་ནོ་ཝས།ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ལྗར་པན་དམག་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པ་དང་།ལྗར་པན་གྱི་དམག་དཔུང་མང་ཆེ་བ་ཀྲུང་གོའི་གཡུལ་སར་བཀག་སྐྱིལ་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་རང་སྲོག་བློས་བཏང་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་བྱས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།

པོ་ཧི་ཡི་པོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥ་ལུའུ་ཁེ·པོ་ལི་ཆི་ཡིས།གལ་ཏེ་ཀྲུང་གོ་མེད་ན། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཕལ་ཆེར་1945ལོར་མཇུག་སྒྲིལ་མི་སྲིད་ཅེས་གསུངས། ཀྲུང་གོའི་རི་འགོག་དམག་འཁྲུག་གིས་ལྗར་པན་བཙན་འཛུལ་པར་ཚོད་འཛིན་ནུས་ལྡན་བྱས་ནས་ཡོ་རོབ་གླིང་གི་གཡུལ་སའི་རྒྱལ་ཁ་ཐོབ་པར་རྩ་ཆེའི་དུས་ཚོད་ཐོབ་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། པོ་ལི་ཆི་ཡིས།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ལས་འཛིན་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་གི་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་པ་དང་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཀྲུང་གོས་ལོ་རྒྱུས་ལ་བརྩི་འཇོག་དང་བློ་ལ་བརྟན་པོར་ངེས་པ་དེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ཐའེ་དབན་ཀྲུང་གོའི་པང་དུ་ལོག་རྒྱུ་ནི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཇར་མན་པའོ་ཨེན་སློབ་ཆེན་གོ་ལ་ཧྲིལ་པོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའུ་ཞུའེ་ཝུའུ་ཡིས།ཐའེ་དབན་ཀྲུང་གོའི་པང་དུ་ལོག་རྒྱུ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་ལ།དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཁས་ལེན་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད། གལ་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་གྲུབ་འབྲས་ལ་ཁས་མི་ལེན་ན། ཚབས་ཆེན་གྱི་འགལ་རྐྱེན་གྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་སྲིད། ཨེ་ཅིབ་ཀྱི་ཁེ་རོ་སློབ་ཆེན་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་དགེ་རྒན་ཆེན་མོ་བ་གཞོན་པ་མུའུ་ཧ་པུའུ·ན་སའེ་ཨེར་གྱིས།ཀྲུང་གོས་ཐའེ་དབན་ལ་འཛིན་པའི་བདག་དབང་ནི་ཁྲིམས་མཐུན་ཡིན་པར་མ་ཟད། ཀུན་གྱིས་ཁས་ལེན་པའི་དོན་དངོས་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འགོད་རྩོམ་ཡིག་ནང་བློ་བརྟན་འགྱུར་མེད་དང་ཁ་གསལ་བའི་ལངས་ཕྱོགས་སླར་ཡང་མཚོན་པ་སྟེ། དོན་དག་དེ་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཀྲུང་གོས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཕྱིར་འཐེན་བྱེད་མི་སྲིད་ཅེས་གསུངས་འདུག་ཅེས་བཤད།

འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་དགོས་ན་དྲང་བདེན་དགོས་པ་ལས་བཙན་པོ་དབང་ཡོད་མིན།

ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འགོད་རྩོམ་ཡིག་ནང་བསྟན་དོན།“འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་འགྲོ་དགོས་ན་དྲང་བདེན་དགོས་པ་ལས་བཙན་པོ་དབང་ཡོད་མིན” དེང་སྐབས་འཛམ་གླིང་ཐོག་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་བཏོན་པ་ནི་གོང་གསལ་གྱི་མཚལ་ཡིག་ཐག་གཅོད་བྱས་ནས་དྲང་གཞག་དང་དྲང་བདེན་དེ་འདུ་ཤེས་ཀྱི་ལྟ་བ་དང་བསམ་གཞིར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་གྱི་སྣེ་ཁྲིད་ཧུར་ཐག་བྱ་ཆེད་ཡིན།

ཐུར་ཁེ་མར་མ་ལ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཁེ་ཁན་·སུའུ་ཝེར་གྱིས།ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ནི་དྲང་གཞག་དང་དྲང་བདེན་གྱི་ངང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་ངོ་མ་བྱེད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཇུས་གཞི་རེད་ཅེས་གསུངས་པ་དང་།ཁོང་གིས།ཕྱོགས་རྐྱང་པའི་རིང་ལུགས་མགོ་བཀྱག་པའི་རྒྱལ་སྤྱིའི་ཁོར་ཡུག་འོག་ཀྲུང་གོས་རྣམ་པ་མཐའ་དག་གི་བཙན་དབང་རིང་ལུགས་དང་ཆབ་སྲིད་བཙན་དབང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད། དེ་ནི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། གདོང་ཐུག་སྣ་ཚོགས་ཀྱི་མདུན་དུ་ང་ཚོར་སྐད་ཆ་ཤོད་རེས་དང་མཉམ་ལས་དགོས་པ་ལས་ཁ་བྲལ་མི་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཚུལ་མཐུན་དང་བློ་རིག་དགོས་པ་ལས་བཙན་པོ་དབང་ཡོད་མིན་ཞེས་གསུངས།

དབྱི་རག་ཁུ་ཏེ་སི་ཐན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཁ་ཝ་·མ་ཧ་མའོ་ཏེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“འཛམ་གླིང་ལ་དྲང་བདེན་དགོས་པ་ལས་བཙན་པོ་དབང་ཡོད་མིན་པའི”རྒྱས་བཤད་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་།ཁོང་གིས།དེང་སྐབས་འཛམ་གླིང་ཐོག་བཙན་དབང་རིང་ལུགས་དང་ཆབ་སྲིད་བཙན་དབང་སྔར་བཞིན་གནས་ཡོད་པས། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་སྟངས་ལ་དེ་བས་མང་བའི་ངེས་གཏན་མིན་པའི་རང་བཞིན་བཟོས་ཡོད།འཛམ་གླིང་དེ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་དགོས་ན་དྲང་བདེན་དགོས་པ་ལས་བཙན་པོ་དབང་ཡོད་མིན། གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ནི་གཞི་ནས་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ཁེ་ལ་གཞིགས་པའི་ཕྱོགས་མང་གི་གནས་སྟངས་གང་མགྱོགས་འཛུགས་རྒྱུ་དེ་རྒྱལ་ཁབ་མང་ཆེ་བའི་དགོངས་འཆར་དང་མཐུན་ཡོད་ཅེས་བཤད།

སི་རི་ཡའི《ཨ་རབ་པའི་ཚགས་པར》གྱི་ཁུ་ཝེ་ཐེའི་སྤྱི་ཁྱབ་རྩོམ་སྒྲིག་པ་པཱར་ཨ་པུའུ་ཏུའུ་ལོ་·ཏུའོ་སའེ་ལིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འགོད་རྩོམ་ཡིག་ལ་གཟིགས་རྗེས་སེམས་འགུལ་ཆེན་པ་ཐེབས་ཤིང་། ཁོང་གིས་དབུས་ཤར་ས་ཁུལ་དུ་ཡུན་རིང་གཡོ་འགུལ་ཆེན་པོ་བྱུང་བ་སྟེ། དབྱི་རག་གི་དམག་འཁྲུག་ནས་སི་རི་ཡའི་ཉམས་ཉེན་དང་།ཡེ་མེན་གྱི་གདོང་ཐུག་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་བར་དུ་ཞི་བདེའི་མཚལ་ཡིག་ཇེ་ཆེར་འགྲོ་བཞིན་ཡོད།ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་།ལྟ་བ།བསམ་གཞི་བཅས་འཛུགས་སྐབས། སྐད་ཆ་ཤོད་རེས་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་ཟླ་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ། ཐུན་མོང་ཐོག་ཁེ་ཕན་ཐོབ་པར་བྱེད་དགོས་པ་ལས་འཆམ་མཐུན་མེད་པ་བྱེད་མི་རུང་།དེས་ས་ཁུལ་གྱི་ཞི་བདེའི་བརྟན་ལྷིང་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལྟ་བར་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་དང་། སྣ་མང་རང་བཞིན་ལ་བརྩི་འཇོག་བཅས་བྱེད་དགོས་པའི་ནན་གསུངས་གནང་བར་མ་ཟད། དེ་བས་བསྟུན་མཁས་རང་བཞིན་དང་དྲང་གཞག་རང་བཞིན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུའི་རེ་འབོད་ཀྱང་བྱས་ཡོད།ཞི་བདེའི་མཚལ་ཡིག་ནང་བཤད་རྒྱུར། སྐད་ཆ་ཤོད་རེས་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་རམ་ལས་མནའ་འབྲེལ་མི་བྱེད་པ། མཉམ་རྒྱལ་ལས་མཐུན་སྡེབ་མེད་པ་མིན་པ་བཅས་ནན་གསུངས་བྱས་པ་དེས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ནུས་པ་གལ་ཆེན་ཐོན་ཡོད།

ཕ་ཁི་སི་ཐན་ནས་ཡོང་བའི་རྒྱུད་གཅིག་ལམ་གཅིག་རྒྱུན་མཐུད་འཕེལ་རྒྱས་གྲོས་འགོ་རྩ་འཛུགས་ཀྱི་ཀྲུའུ་ཞི་ཁའེ་ཙེ་·ན་ཝ་པུའུ་ཡིས།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལྟ་བར་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་དང་། སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་འཕེལ་རྒྱས། སྣ་མང་རང་བཞིན་ལ་བརྩི་འཇོག་བཅས་བྱེད་དགོས་པའི་ནན་གསུངས་གནང་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་དེ་བས་དྲང་གཞག་དང་བསྟུན་མཁས་ཀྱི་འཛམ་གླིང་ཞིག་འཛུགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བཤད།

མ་ལེ་ཞི་ཡ་པིན་ཁྲེང་དཔེ་དེབ་ལྟ་ཀློག་ཚགས་པར་ཁང་གི་སུན་ཀྲུང་ཧྲན་དྲན་གསོའི་ཁང་གི་འགོ་འཛིན་ཀྲོང་ཀེང་ཁང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འགོད་རྩོམ་ཡིག་ནང་། འོད་ཟེར་གྱིས་མུན་པ་སེལ་ངེས་ཡིན་པ་དང་། དྲང་བདེན་གྱིས་སྡུག་རྩུབ་ལས་རྒྱལ་ངེས་རེད། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་ཚད་མཐོའི་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་དེང་སྐབས་ཀྱི་རྒྱལ་སྤྱིའི་དུས་བབ་ལ་བསམ་གཞིགས་གཏིང་ཟབ་བྱས་པ་ཞིག་ཀྱང་ཡིན། ཞི་བདེ་དང་དྲང་གཞག་རང་འགུལ་དུ་ཡོང་མི་སྲིད། ངེས་པར་དུ་བློ་བརྟན་འགྱུར་མེད་ལ་བརྟེན་ནས་སྲུང་སྐྱོབ་བྱེད་དགོས།དེ་རིང་ང་ཚོས་ལོ་རྒྱུས་ཀྱི་དུམ་བུ་དེར་བསྐྱར་དྲན་བྱེད་པ་ནི་འཁོན་འཛིན་དྲིལ་བསྒྲགས་བྱེད་པའི་ཆེད་དུ་མ་ཡིན་པར། དེའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས་ལོ་རྒྱུས་དཔྱད་གཞིར་བྱས་ཏེ་བཙན་དབང་རིང་ལུགས་དང་ཆབ་སྲིད་བཙན་དབང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་དང་། ལོ་རྒྱུས་དཔྱད་གཞིར་བྱས་ནས་ཞི་བདེའི་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་བརྟན་སྲུང་བྱེད་དགོས་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་འབྱོར་བའི་གློག་འཕྲིན)

(བྱང་ཆུབ་ཆོས་སྒྲོན་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-12 6 6 拉萨日报藏文 c200834.html 1 ཡང་དག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་དགོས། /enpproperty-->