གསར་འགོད་པས་ཟོག་སྒྲོམ་ཐོག་ནས་ཐོན་རྫས་ཤིག་བླངས་མ་ཐག་ཟོག་སྒྲོམ་ཐོག་གི་བརྙན་ཤེལ་ནས་ཐོན་རྫས་དེའི་ནུས་པ་དང་ཁྱད་ཆོས་འཕྲལ་མ་ཉིད་དུ་ངོ་སྤྲོད་བྱེད་ཀྱི་ཡོད། གསར་འགོད་པས་ད་དུང་ཟོག་སྒྲོམ་ཐོག་གི་སྐད་སྦུག་བརྒྱུད། རང་ཉིད་ཀྱི་དགོས་མཁོ་བཤད་པས་ཟོག་སྒྲོམ་ནས་ཐོན་རྫས་འཚོལ་རོགས་དང་འོས་སྦྱོར་བྱེད་ཀྱི་ཡོད། ཆི་ཧྲེང་འགྲེམས་སྟེགས་ཀྱི་ལས་དོན་པ་ཞུས་ཆུང་ཆུང་གིས། འཕྲུལ་རིག་གི་སྤེལ་རེས་རྣམ་པའི་ཟོག་སྒྲོམ་འདི་ནི་རིག་ནུས་ཉོ་སྒྲུབ་ཀྱི་སྣེ་ཤན་པ་ཞིག་དང་གཉིས་སུ་མ་མཆིས། འཕྲུལ་རིག་གི་ཐོན་རྫས་འདི་མཛེས་འཆོས་ཚོང་ཁང་ཁག་ཅིག་ཏུ་སྤྱད་ཟིན་ཡོད་ཅེས་བཤད།
ཟླ་5ཚེས་8ནས་10ཉིན་བར། “རིན་ཐང་སླར་གསོ”ཞེས་པ་གཙོ་དོན་དུ་བྱས་པའི་ཀྲུང་གོའི་སིལ་ཚོང་ལས་རིགས་ཀྱི་འགྲེམས་ཚོགས་སྐབས་ཉེར་ལྔ་པ་ཧྲེན་ཀྲེན་དུ་གཉེར་བ་རེད། རིག་ནུས་ཟོག་སྒྲོམ་དང་། གྲང་ཕྲེང་སྒྲིག་ཆས། མི་མེད་རླངས་འཁོར། མི་མེད་གནམ་གྲུ་སོགས་མཁྲེགས་ཆས་ཐོན་རྫས་ནས་འཕྲུལ་རིག་ལག་རྩལ་གྱིས་དུས་ཐོག་ཏུ་གྲངས་གཞི་འཚོལ་བསྡུ་དང་། རིག་ནུས་དབྱེ་ཞིབ། རང་འགུལ་བཀའ་བཀོད་བཅས་བྱེད་པའི་བར་མཉེན་ཆས་མ་ལག་སྦྲེལ་མཐུད་བྱས་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་སིལ་ཚོང་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ལག་རྩལ་གསར་ཤོས་དང་། སྒྲིག་ཆས་གསར་པ། ཁྱད་ལྡན་ཚོང་ཟོག རིག་ནུས་སིལ་ཚོང་གི་ཐག་གཅོད་ཇུས་གཞི་སོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།
འཕྲུལ་རིག་གི་ལག་རྩལ་དེ་སིལ་ཚོང་ལས་རིགས་ནང་ཡོངས་སུ་ཁྱབ་པའི་དེང་གི་སིལ་ཚོང་ཁང་རྣམས་སྲོལ་རྒྱུན་གྱི་ཚོང་གཉེར་བྱེད་སྟངས་ནས་དེང་རབས་འཕྲུལ་རིག་གི་ཚོང་གཉེར་བྱེད་སྟངས་སུ་འགྱུར་བཞིན་ཡོད། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས། འཕྲུལ་རིག་དང་ཐག་གཅོད་ཇུས་གཞི་ཟུང་དུ་འབྲེལ་བའི་བྱ་ཐབས་འདི་སིལ་ཚོང་ལས་རིགས་ཀྱི་འགྲེམས་ཚོགས་ཐོག་གི་ཁྱད་ཆོས་ཤིག་ཏུ་འགྱུར་ཡོད། སིལ་ཚོང་གི་ལག་རྩལ་གསར་པར་དམིགས་ནས། དེ་ཐེངས་ཀྱི་འགྲེམས་ཚོགས་ཐོག་རིག་ནུས་མཁྲེགས་ཆས་ནས་ཐབས་ལམ་ཧྲིལ་པོའི་བསྡུ་སྒྲིལ་དང་། མཁོ་སྤྲོད་སྦྲེལ་ཐག་གི་བསྡུ་སྒྲིལ་ནས་འཛད་སྤྱོད་ཀྱི་ཉམས་ལེན་དང་མི་མེད་ཚོང་ཁང་བར་བཅས་ལས་རིགས་ཀྱི་ལག་རྩལ་གསར་ཤོས་མངོན་པར་བྱས་ཡོད།
གསར་འགོད་པར་ཡུལ་དངོས་ནས་འཕྲུལ་རིག་གི་ལག་རྩལ་དེ་སིལ་ཚོང་ལས་རིགས་མང་པོས་སྒྲིག་ཆས་དང་ཕྱོགས་བསྡུས་ཐག་གཅོད་ཇུས་གཞིའི་ནང་བཅུག་པ་མཐོང་ཡོད། མ་བྱན་གྱིས་ལག་པ་བཀྲུ་བའི་རྣམ་པ་རང་འགུལ་ངང་དབྱེ་འབྱེད་བྱེད་པ་དང་། ཐོན་རྫས་དཀོན་པའི་གནས་ཚུལ་དུས་ཐོག་ཏུ་དབྱེ་འབྱེད་སོགས་བྱེད་ཀྱི་ཡོད།དབན་ཏན་འགྲེམས་སྟེགས་ཀྱིས་འགྲེམས་སྟོན་བྱས་པའི་འཕྲུལ་རིག་གིས་ཐོན་རྫས་ལ་སྐོར་ཞིབ་བྱེད་པ་དེས་དོ་དམ་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་གི་ཡོད། དབན་ཏན་འགྲེམས་སྟེགས་ཀྱི་ལས་དོན་པ་ཅ་ཅེ་ཡིས། དེ་སྔ་ང་ཚོས་རྩིས་རྒྱག་ལ་བརྟེན་པའི་འཕྲུལ་རིག་གི་ཐོན་རྫས་གཞན་དག་ཡོངས་བསྒྲགས་བྱེད་མྱོང་ཡོད། སྦྱོང་བརྡར་བྱས་པ་བརྒྱུད་ནུས་པ་གནད་ལ་འཕིགས་པོ་ཡོད་མོད། འོན་ཀྱང་མ་གནས་ཅུང་མཐོ་ཙམ་ཡོད། ད་ཆ་འཕྲུལ་རིག་གིས་ཐོན་རྫས་ལ་སྐོར་ཞིབ་བྱེད་པའི་རྣམ་པ་རྒྱ་ཆེར་སྤྱད་ཡོད་པས། མ་གནས་ཆེས་ཆེར་ཆག་ཡོད་ཅེས་བཤད།
ཚོགས་ར་ཡོངས་ཀྱི་རྣམ་པ་གྲངས་གཞི་ཅན་ལ་བརྟེན་ནས་བསྐྲུན་པའི་མི་མེད་ཚོང་ཁང་གི་འགྲེམས་སྟེགས་ཀྱིས་རྩིས་འཁོར་གྱི་མཐོང་ཚོར་དང་། ལྗིད་ཤུགས་ཚོར་ཤེས་ལག་རྩལ་གྱི་ཟོག་སྒྲོམ། RFIDབཅས་ལ་བརྟེན་ནས། ཚོང་ཟོག་ལེན་པའི་རྣམ་པ་གནད་སྨིན་ངང་དབྱེ་འབྱེད་ཐུབ་པ་དང་། འཛད་སྤྱོད་པས་ངོ་རིས་ངོས་འཛིན་དམ་ཡང་ན་ལག་ཐོགས་ཁ་པར་བརྒྱུད་ཨང་རྟགས་བཤེར་ཚེ། ཚོང་ཟོག་འཕྲལ་མར་ཉོ་ཐུབ་ཀྱི་ཡོད།
ཡུལ་དངོས་ནས་གསར་འགོད་པར་འཕྲུལ་རིག་གི་ལག་རྩལ་དང་སིལ་ཚོང་ལས་རིགས་དབར་མཉམ་འདྲེས་གཏིང་ཟབ་བྱས་པའི་རྣམ་པ་གསར་པ་མང་པོ་མཐོང་ཡོད་པ་སྟེ། བཟོ་གྲུབ་ཅན་གྱི་འཕྲུལ་རིག་གི་ལག་རྩལ་ལ་བརྟེན་ནས་བཏོད་པའི་སིལ་ཚོང་གི་འཕྲུལ་རིག་ཀྲུང་ཐའེ་དང་། ཕྱོགས་མང་རྩིས་རྒྱག་གིས་བསྐྲུན་པའི་རིག་ནུས་སིལ་ཚོང་གི་ཐག་གཅོད་ཇུས་གཞི་གཅིག་སྡུད་བྱས་ཏེ། སིལ་ཚོང་ལས་རིགས་ཁྲོད་ཡོངས་སུ་ཁྱབ་པར་བྱས་ནས་སིལ་ཚོང་ཁེ་ལས་ལ་སྦྲེལ་ལམ་ཧྲིལ་པོའི་གྲངས་གཞིའི་ཆ་འཕྲིན་སྤེལ་རེས་དང་བསྡུ་སྒྲིལ་ཐུབ་པར་བྱས་ཡོད། AR/VRལག་རྩལ་དེ་སིལ་ཚོང་ལས་རིགས་ཁྲོད་ཡོངས་སུ་སྤྱད་པས། འཛད་སྤྱོད་པའི་ཉོ་སྒྲུབ་དགོས་མཁོ་ཅི་རིགས་བསྐངས་ནས། ཐུན་མིན་གྱི་ཉོ་སྒྲུབ་ཀྱི་མྱོང་བ་སྦྱིན་པ་དང་། འཕྲུལ་རིག་ལག་རྩལ་གྱིས་མཁོ་སྤྲོད་འཁོར་སྦྲེལ་གྱི་འཁོར་སྦྲེལ་ཧྲིལ་པོ་ཁུངས་འདེད་ཐུབ་པའི་མ་ལག་བསྐྱར་དུ་བཏོད་དེ། “ཟོག་ཁུངས་ནས་ཟོག་སྒྲོམ་བར”གྱི་འཁོར་སྦྲེལ་ཆ་ཚང་བ་དང་། ཁ་གསལ་བ། ཁུངས་འདེད་ཐུབ་པ་བཅས་མངོན་ཐུབ་ཡོད།
འཛད་སྤྱོད་པའི་བྱ་སྤྱོད་མཐིལ་རྟོགས་གཏིང་ཟབ་བྱེད་པ་ནས་མཁོ་སྤྲོད་སྦྲེལ་ཐག་གི་རིག་ནུས་ལེགས་གཏོང་བར་དང་། རང་གཤིས་ཅན་གྱི་ཚོང་གཉེར་གནད་སྨིན་ལག་བསྟར་ནས་འཛད་སྤྱོད་པའི་ཞབས་ཞུ་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པའི་བར་བཅས་འཕྲུལ་རིག་གི་ལག་རྩལ་བེད་སྤྱད་པ་དེས་སིལ་ཚོང་ལས་རིགས་ཁག་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད།
ཀྲུང་གོ་མུ་འབྲེལ་གཉེར་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཕེང་ཅན་ཀྲེན་གྱིས་ལག་རྩལ་ཐད་ནས་བལྟས་ན། སིལ་ཚོང་ཁེ་ལས་ཀྱིས་རིག་ནུས་མཁྲེགས་ཆས་དང་འཕྲུལ་རིག་གི་ལག་རྩལ་ལ་བརྟེན་ནས། མཁོ་སྤྲོད་སྦྲེལ་ཐག་གསར་བརྗེས་དང་ཐོན་རྫས་གཏོད་པའི་ཁྲོད་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་བཞིན་ཡོད། ཐབས་ལམ་ཐད་ནས་བལྟས་ན། དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་ཚང་མ་མཉམ་འདྲེས་ཐུབ་ནས། དྲ་ཕྱིའི་ཚོང་ཁང་གིས་ཁྱད་ལྡན་གྱི་རྣམ་པ་བརྒྱུད་ཐུན་མིན་གྱི་ཉམས་ལེན་བཏོད་ཡོད་ཅེས་བཤད།
ཀྲུང་གོ་མུ་འབྲེལ་གཉེར་སྐྱོང་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཕེ་ལེང་གིས། དེ་ཐེངས་ཀྱི་འགྲེམས་ཚོགས་དང་དུས་མཉམ་དུ་སྤེལ་བའི“སིལ་ཚོང་ལས་རིགས་ཡོངས་ཀྱི་འཕྲུལ་རིག་ལག་རྩལ་གྱི་ཚོགས་ཆེན”ཐོག འཕྲུལ་རིག་གིས་སིལ་ཚོང་ལས་རིགས་ལ་ཐེབས་པའི་ནུས་པ་དང་ཤུགས་རྐྱེན་དེ་ཐོག་མའི་དུས་མཚམས་སུ་གནས་ཡོད་པས། ད་དུང་རྒྱུན་ཆད་མེད་པར་འཚོལ་ཞིབ་ཧུར་ཐག་བྱས་ནས། འཕྲུལ་རིག་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་5ཚེས་10ཉིན་འབྱོར་བའི་གློག་འཕྲིན)
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社