分享按钮

ཞི་ཅིན་ཕིང་གིས་ཁག་སོ་སོར་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་མཇལ་མོལ་གནང་བ་།

(པར་ངོས་དང་པོར་མཐུད)ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་2020ལོའི་པེར་ཀེ་རེ་ཏེའི་ཆེད་ལས་རིགས་ཀྱི་འཛམ་གླིང་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་སེར་ཝེ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་འདུ་ཤེས་དང་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་བློ་སྟོབས་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད། སེར་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལས་བྱུང་བའི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་མོལ་ལ་ཞུགས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོར་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་འབར་མའི་འགོ་ཁྲིད་མེ་ཨང་ལའེ་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་འབར་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་རེད། ཀྲུང་འབར་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དར་སྤེལ་གཏོང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང་དབན་ལུང་གི་སྙིང་སྟོབས་ཡུན་རིང་གནས་པ་དང་དུས་རབས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད། འདི་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་དང་། ཁྱིམ་མཚེས་རྒྱལ་ཁབ་བདེ་འཇགས། ཁྱིམ་མཚེས་རྒྱལ་ཁབ་ཕྱུག་འགྱུར། མཛའ་བརྩེ་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས། ལས་དབང་གཅིག་མཐུན་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། འབར་མ་ཕྱོགས་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བཏོད་ཡོད། མི་རིང་བའི་གོང་། འབར་མའི་མན་ཏེ་ལེ་རུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པར་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོབ་སྟོབས་ཤུགས་སྔ་ཤོས་བཏང་ནས་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱས་པ་དང་། མུ་མཐུད་འབར་མ་ཕྱོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པ་རེད། འབར་མས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་བདག་དབང་རང་བཙན་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་བརྟན་ལྷིང་། རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་འབར་གྱི་དཔལ་འབྱོར་བར་ཁྱམས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འབར་མ་ཕྱོགས་ཀྱིས་འབར་མར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཏེ། དྲ་བའི་རྒྱན་འགྱེད་དང་གློག་འཕྲིན་གྱི་ཁ་བསླུས་རྒྱག་པ་སོགས་རྒྱལ་མཚམས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་ཤུགས་ཆེན་གཏོང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

མེ་ཨང་ལའེ་ཡིས་འབར་མར་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མ་ཉིད་དུ་འབར་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། འབར་མར་རོགས་སྐྱོར་བྱས་པ་དང་འབྲེལ་འབར་མའི་གེགས་སེལ་ལ་རོགས་རམ་སྔ་ཤོས་བྱས་པ་དེའི་ཐོག་ནས་འབར་མར་སྤུན་ཟླའི་བརྩེ་སེམས་དང་དཀའ་སྡུག་མཉམ་མྱོང་གི་བརྩེ་སེམས་བཅངས་པ་མཚོན་ཡོད་པས་འབར་མའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་བྱེད་རིན་ཡོད་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ནམ་ཡང་བྱེད་འདོད་ཡོད། འབར་མ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་འབར་མར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་དང་མི་སྣའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དང་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་ལ་འབར་མ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་མོལ་ལ་ཞུགས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོར་ཕེབས་ནས་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། ང་དང་བློ་མཐུན་ཀྲུའུ་ཞི་ཐེངས་མང་པོར་ཐུག་འཕྲད་བྱས་ནས་ཀྲུང་གོ་དང་ཁུ་པའི་དབར་གྱི་འབྲེལ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་བས་གཏིང་ཟབ་དང་། འཐབ་ཇུས་མཉམ་ལས་དེ་བས་དམ་ཟབ། དམངས་འདུན་རྨང་གཞི་དེ་བས་སྲ་བརྟན་བཅས་ཀྱི་དུས་རིམ་གསར་པའི་ནང་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་ཁུ་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་ཕྱོགས་དང་མཉམ་དུ་འགྱུར་མེད་རྡོ་རྗེ་ལྟ་བུའི་མཛའ་གྲོགས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། དེ་བས་དམ་ཞིང་གཏིང་ཟབ་པའི་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་ཀྱི་དཔེ་མཚོན་འཛུགས་འདོད་ཡོད། ཕྱོགས་གཉིས་པོས་རིམ་པ་ཁག་གི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བར་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པ་དང་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་དང་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་པ། ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཕྱོགས་གཉིས་པོས་འབོ་གསེར་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་བཙན་དབང་གི་ཆབ་སྲིད་དང་ཕྱོགས་རྐྱང་པའི་བཙན་ཤེད་ལ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས་ཞེས་གསུངས་པ་རེད།

ཏི་ཡ་སི་ཁ་ནེར་གྱིས་ཁུ་པ་དང་ཀྲུང་གོ་ནི་སྙིང་ཉེ་བའི་གྲོགས་པོ་དང་སྤུན་ཟླ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཁུ་པ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁུ་པ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་མོལ་ལ་ཞུགས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མ་ཏུའུ་ལུའོ་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་ཡིད་ཆེས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོར་རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་ལྡོག་ཁྲོད་མི་འགྱུར་རྡོ་རྗེ་ལྟ་བུའི་མཛའ་གྲོགས་ཆགས་ཡོད། 2023ལོར་ང་ཚོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་གནམ་གཤིས་ཀུན་འཕྲོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་གྲངས་མུ་མཐུད་འཕར་བ། མ་འཇོག་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་འཕེལ་རྒྱས་གསར་པ་བྱུང་བས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཝེ་ནེ་ཙུའེ་ལའི་འབྲེལ་བར་ལྟ་སྟངས་དང་འཕེལ་རྒྱས་ལེགས་སུ་གཏོང་བ་དང་། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཝེ་ནེ་ཙུའེ་ལ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་ཁྱབ་ཁོངས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བརྟན་པོ་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

མ་ཏུའུ་ལུའོ་ཡིས་ཀྲུང་གོ་ནི་ཝེ་ནེ་ཙུའེ་ལའི་རླབས་ཆེན་གྱི་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གནམ་གཤིས་ཀུན་འཕྲོད་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་དང་། ནུས་ཁུངས། ཞིང་ལས། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་བྱས་ཏེ་དངོས་ཡོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འདུ་ཤེས་དེས་འཛམ་གླིང་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་མོལ་ལ་ཞུགས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་སི་ལོ་ཝ་ཁེ་ཡི་སྲིད་བློན་ཧྥེ་ཙུའོ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་སིའི་འབྲེལ་བ་ཕྱོགས་ཡོངས་དང་། གཏིང་ཟབ་པ། ཆུ་ཚད་མཐོན་པོ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ཡོད། ན་ནིང་གི་ཟླ་11པར།ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་གནང་སྐབས། ང་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ཀྲུང་སིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མགྱོགས་ལམ་ཐོག་ཏུ་སླེབས་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་ཐུན་མོང་འཛུགས་སྐྱོང་བཅས་བྱས་ཏེ་ཀྲུང་གོ་དང་སི་ལོ་ཝ་ཁེ་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་པོ་དང་ཡུན་རིང་གནས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སི་ལོ་ཝ་ཁེ་ཡི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཁེ་ལས་དེ་བས་མང་བས་སི་ལོ་ཝ་ཁར་མ་འཇོག་བྱས་ནས་ལས་གཉེར་བྱ་རྒྱུར་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་སོགས་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཀྱིས་འགྲན་སློང་ལ་ཁ་གཏད་བཅག་ནས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྥེ་ཙུའོ་ཡིས་སི་ལོ་ཝ་ཁེ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་སི་ལོ་ཝ་ཁེའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། སི་ལོ་ཝ་ཁེ་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ཞུས་ནས་ཀྲུང་གོར་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཉོ་ཚོང་མ་འཇོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དམ་ཟབ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྐྱོན་བྲལ་བརྟན་ལྷིང་གི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་། ཡུག་རེན་དང་དབུས་ཤར་ས་ཁུལ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་དང་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། རང་མོས་ཉོ་ཚོང་གི་སྒྲིག་སྲོལ་ལ་སྲུང་སྐྱོང་། འཛམ་གླིང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་མོལ་ལ་ཞུགས་ཡོད།

(བསྟན་རྡོར་དང་དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200817.html 1 ཞི་ཅིན་ཕིང་གིས་ཁག་སོ་སོར་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་མཇལ་མོལ་གནང་བ་། /enpproperty-->