ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭས་2025ལོའི་སློབ་གྲྭའི་དཔྱིད་དུས་ཀྱི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དང་། ལུས་རྩལ་འགྲན་ཚོགས་འདི་ནི་ལུས་རྩལ་སློབ་གྲྭའི་སློབ་མའི་གཟུགས་པོའི་བྱང་ཚད་དང་། རྩལ་འགྲན་གྱི་ཆུ་ཚད། དེ་བཞིན་ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་ཞིང་། སློབ་གྲྭས་ལུས་རྩལ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གྲུབ་འབྲས་འགྲེམས་སྟོན་བྱེད་ཐེངས་ཤིག་ཀྱང་ཡིན་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག འཛིན་གྲྭ་ཁག་གི་རུ་སྟར་གྲུ་བཞི་འགྲན་རའི་ནང་སླེབས་པ་རེད། སློབ་གྲོགས་ཚོས་སྐད་གསང་མཐོན་པོའི་སྒོ་ནས་འབོད་ཚིག་སྒྲོག་པ་དང་། བསམ་བཀོད་ལེགས་པ། ལུས་རྩལ་གྱི་གསོན་ཤུགས་དང་འཛིན་གྲྭའི་ཁྱད་ཆོས་མཉམ་འདྲེས་ཡག་པོ་བཅས་མངོན་པར་བྱས་པས་ལུས་རྩལ་སློབ་གྲྭའི་སློབ་མའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་དུས་ཡུན་ཉིན་གཉིས་ཡིན་པ་དང་། དེའི་ནང་རྒྱུག་ཤར་དང་། རྒྱང་མཆོང་། ཞ་ཉེའི་སྤོ་ལོ། རྒྱུག་མཐུད་འགྲན་བསྡུར་སོགས་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།
གསར་འགོད་པས་སྨི་100ཡི་ཐུང་རྒྱུག་འགྲན་བསྡུར་བྱ་ཡུལ་ནས་འགྲན་ཞུགས་པ་ཚང་མའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། དཔའ་ངར་ཆེར་སྐྱེད་བྱེད་བཞིན་པ་མཐོང་བྱུང་། འགྲན་བསྡུར་འགོ་ཚུགས་པའི་མེ་མདའ་གྲགས་པ་དང་བསྟུན་ནས་ཁོང་ཚོ་ནི་ལྟོང་ལས་ཤོར་བའི་མདའ་མོ་བཞིན་གློ་བུར་དུ་མི་རྣམས་ཧ་ལས་དགོས་པའི་མྱུར་ཚད་ཐོག་ནས་མཐའ་སྣེའི་ཕྱོགས་སུ་གདོང་མཆོང་བྱས། འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་། ངར་ཤུགས་སློང་བའི་འབོད་སྒྲ་ཡང་ཡང་གྲགས།
སློབ་མ་བསོད་ནམས་རྡོ་རྗེ་ཡིས་ད་ཐེངས་སློབ་གྲྭའི་དཔྱིད་དུས་ཀྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་པ་ནི་ངའི་གཟི་བརྗིད་ཡིན་ལ་ཧ་ཅང་དགའ་པོའང་བྱུང་། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ང་ཚོའི་སློབ་གྲྭའི་སློབ་མ་རྣམས་ཀྱི་དཀའ་ངལ་ལ་མི་སྐྲག་པ་དང་། ཐང་ཆད་རྒྱུར་མི་སྐྲག་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད། ཕྱིས་འབྱུང་གི་ཉིན་གཉིས་ཀྱི་འགྲན་བསྡུར་ནང་། ང་ཚོས་ནུས་ཤུགས་ཡོད་རྒུས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社