分享按钮

ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད།

(པར་ངོས་དང་པོར་མཐུད)འཐབ་ཇུས་འབྲེལ་གཏུགས་ཐེངས་གཉིས་གནང་ནས་ཀྲུང་ཨུའི་འབྲེལ་བ་དེ་རྙོག་འཛིང་ཆེ་བའི་ལོ་བརྒྱའི་དུས་འགྱུར་ཁྲོད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་གནང་ཡོད། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རྒྱལ་གཉེར་སློབ་ཆེན་ཤར་ཕྱོགས་ཚན་ཁག་གི་དགེ་རྒན་ཆེན་མོ་བ་ཨ་ལེ་ཁེ་ཤེ་·ལུའོ་ཅི་ཨའོ་ནུའོ་ཧྥུའུ་ཡིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག དེ་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། ད་ཐེངས་ཀྱི་འཚམས་འདྲིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དེ་བས་མང་བ་བསྣན་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོའི་སྒོ་ནས་འཁོར་སྐྱོད་ཐུབ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཕན་ཚུན་ལ་རྩ་ཆེའི་གཟེངས་རྟགས་སྤྲོད་རེས་གནང་བ་དང་། ལྷན་དུ་མྱུར་བགྲོད་ལྕགས་ལམ་ལ་བཞུགས་པ། ལྷན་དུ་སྤོ་ལོའི་འགྲན་བསྡུར་ལ་གཟིགས་པ། ལྷན་དུ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་སྤེལ་རེས་བྱས་པ་སོགས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་འགྲོ་འོང་ལས་བྱུང་བའི་དྲོ་སྐྱིད་ལྡན་པའི་རྣམ་པ་རེ་རེས་ཀྲུང་ཨུའི་མཛའ་གྲོཊ་ཟབ་མོ་མཚོན་ཡོད། ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིའུ་ལི་·ཐ་ཧྥུའུ་ལུའོ་ཧྥུའུ་སི་ཅི་ཡིས་ཕྱོགས་གཉིས་པོའི་གཙོ་བདག་དབར་སྤེལ་རེས་དམ་ཟབ་དང་ཕན་ཚུན་ཡིད་ཆེས་ཆེན་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དེ་བས་བརྟན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད་ཅེས་བཤད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁ་ཕྱོགས་གཏན་འཁེལ་འོག་ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་དེ་རླབས་གཤགས་མདུན་སྐྱོད་བྱས་པ་དང་སྤུས་ཚད་བརྟན་པོའི་ངང་འཕར་བ་སྟེ། 2024ལོར་རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2448ཟིན་པ་དང་། ཀྲུང་གོས་བསྟུད་མར་ལོ་15རིང་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་ཆེན་པོ་བསྣན་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པའང་ཐོབ་ཡོད།

ཨུ་རུ་སུའི་ཚན་རིག་ཁང་གི་ཀྲུང་གོ་དང་དེང་རབས་ཨེ་ཤེ་ཡའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅི་ལིར་·པ་པ་ཡེ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཨུ་ཀྲུང་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་གཉིས་པོའི་མཛའ་བརྩེ་ཟབ་མོ་རྒྱུན་འཛིན་བྱས་པ།

2015ལོའི་ཟླ་5ཚེས་9ཉིན། མོ་སི་ཁོའི་ཐང་ཆེན་དམར་པོར། ཨུ་རུ་སུས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོའི་གུས་སྟེགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་དཔུང་པ་མཉམ་གཤིབ་ངང་བཞེངས་ཡོད་པ་དང་སྒམ་བརླིང་ལྡན་པ་ཞིག་ཡོད།

ལོ་10ཡི་གོང་གི་ཐང་ཆེན་དམར་པོའི་རྟེན་འབྲེལ་མཛད་སྒོར་ཕྱིར་དྲན་བྱེད་སྐབས། ལོ་བདུན་ཅུ་ལྷག་ཙམ་ལ་སོན་པའི་མོ་སི་ཁོ་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་དགེ་རྒན་མ་ལི་ཡ་ཤེ་མེའོ་ནུའོ་ཝས་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་པོར་ངེས་ཡོད། སྐབས་དེ་དུས་བརྙན་འཕྲིན་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟུགས་བརྙན་ཐེངས་མང་མཐོང་མྱོང་ཡོད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་འཚམས་འདྲིར་ཕེབས་པ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དེའི་ཐོག་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དམག་འཁྲུག་གི་མེ་ལྕེ་འབར་བའི་ལོ་ཟླའི་ཁྲོད་ཀྱི་མཛའ་གྲོགས་ཟབ་མོར་མཐོང་ཆེན་བྱེད་པ་མཚོན་ཡོད་ཅེས་བཤད།

2025ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་གཉིས་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དམག་དམངས་ཀྱིས་རྒྱལ་ཁབ་འཇིག་ཉེན་ལས་བསྐྱབས་པ་དང་། འཛམ་གླིང་གི་ཞི་བདེ་བརྩོན་ལེན་བྱ་ཆེད་མི་རིགས་བློས་གཏོང་ཆེན་པོ་བྱས་པ། ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་བྱས་ཡོད་ལ་དཔུང་པ་མཉམ་གཤིབ་ཀྱིས་དཔའ་ངར་ཆེན་པོས་དམག་འཐབ་བྱེད་རིང་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་རླབས་ཆེན་གྱི་མཛའ་གྲོགས་བཏོད་ཡོད།

ན་ཐ་ལི་ཡ་ཧོ་ལིའུ་ཅིན་ན་ནི་ཀྲུང་གོར་རོགས་སྐྱོར་བྱེད་མཁན་ཨུ་རུ་སུའི་དང་བླངས་འཕུར་སྐྱོད་པའི་མི་རབས་རྗེས་མའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་ཞིང་། ཁོང་གི་ཨ་ཕ་ཅི་མུ་ཧྥེ་ཧོ་ལིའུ་ཅིན་ནི་སྐབས་དེར་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་གྱི་མཁའ་དམག་དང་བླངས་རུ་ཁག་གི་འབར་མདེལ་དབྱུག་བྱེད་གནམ་གྲུའི་དཔུང་སྡེའི་བཀོད་འདོམས་དམག་དཔོན་རེད། ཁོང་གིས་ཨུ་ཀྲུང་དབར་གྱི་མཛའ་གྲོགས་ནི་ཁྲག་དྲོན་ལས་བྱུང་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེས་འཛམ་གླིང་ལ་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་ཟབ་མོ་མངོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་སེམས་འགུལ་ཐེབས་པའི་ངང་བཤད།

ལོ་རྒྱུས་ཁྲོད་ཆགས་པའི་བརྩེ་སེམས་ཟབ་མོས་ད་ཆ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་གྲོཊ་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། གཞོན་ནུའི་མཛའ་གྲོགས་ཀྱི་སྤེལ་རེས་ལོ་དང་། ས་གནས་ཀྱི་མཉམ་ལས་སྤེལ་རེས་ལོ། ཚན་རྩལ་གསར་གཏོད་ལོ། ཀྲུང་ཨུའི་རིག་གནས་ལོ་སོགས་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། ཡུལ་སྐོར། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཁག་གི་འགྲོ་འོང་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་། ཀྲུང་ཨུའི་དམངས་སེམས་ཕན་ཚུན་སྦྲེལ་བ་དང་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད།

ཨུ་རུ་སུར་རྒྱལ་ཁ་ཐོབ་པའི་རྟེན་མཛོད་ཁང་གི་ལོ་རྒྱུས་རིག་པ་མཁས་ཅན་ཡ་ལི་ཧྲན་ཏ་སྨི་ཧ་དབྱི་ལུའོ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་བཞག་པའི་མཛའ་གྲོགས་དེ་ཡུལ་དུས་ལས་བརྒལ་ནས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འབྲེལ་བར་སྲུང་སྐྱོང་བྱེད་པའི་སྦྲེལ་ཐག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེའི་ཐོག་ནས་ཨུ་རུ་སུ་དང་ཀྲུང་གོའི་མི་དམངས་དབར་གྱི་ཟོལ་མེད་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་རེད་ཅེས་བཤད།

ཧྲེང་པི་ཏེ་པའོ་གྲོང་ཁྱེར་སྤྱི་ཚོགས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཡ་ལི་ཧྲན་ཏ་ལིའུ་པི་མོ་ཧྥུའུ་ཡིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་དཔུང་པ་མཉམ་གཤིབ་བྱས་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྐུལ་འདེད་ཐེབས་ངེས་རེད་ཅེས་བཤད།

ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།

སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྔ་ནུབ་ཏུ་མོ་སི་ཁོའི་ཁྲོམ་གཞུང་དུ་རྒྱལ་ཁ་ཞེས་པའི་ཡིག་འབྲུ་འཁོད་པའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ལམ་འགྲམ་དུ་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་གི་ལོ་རྒྱུས་གཙོ་དོན་དུ་བྱས་པའི་པར་རིས་འགྲེམས་པང་དང་མཛེས་རྒྱན་སྤྲས་པ་མཐོང་སྐབས་མི་རྣམས་ཀྱིས་གོམ་པ་སྤོ་མཚམས་བཞག་ནས་ལྟ་བ་དང་། དྲན་རྟེན་པར་རྒྱག་པའམ་ཡང་ན་བསམ་གཞིགས་བྱེད་ཀྱི་ཡོད།

ཨུ་རུ་སུའི་དམག་དོན་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝ་ལེ་ལི་པ་ལ་ནུའོ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨུ་རུ་སུར་འཚམས་འདྲིར་ཕེབས་རྒྱུ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་ནི་འཛམ་གླིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། ད་ཐེངས་ཀྱི་འཚམས་འདྲི་ལས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་དེ་བཞིན་ཐུན་མོང་ཐོག་དེ་བས་དྲང་གཞག་གི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་གཞོལ་བའི་དད་སེམས་མངོན་རྒྱུ་རེད་ཅེས་བཤད།

ཨུ་རུ་སུ་ཕྱོགས་ཀྱི་མི་སྣ་མང་པོས་བཅར་འདྲི་དང་ལེན་བྱེད་སྐབས། དེང་སྐབས་འཛམ་གླིང་ལ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་བསྐྱར་ལོག་བྱེད་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྡབ་རྡེག་ཕོག་པ་བཅས་ཀྱི་རྒྱབ་ལྗོངས་འོག ཨུ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་རྒྱལ་ཁབ་ཡིན་པས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་དམིགས་བསལ་གྱི་འགན་འཁྲི་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དོན་སྙིང་དང་ཤུགས་རྐྱེན་དེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་བརྒལ་ཡོད་ཅེས་བཤད་པ་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུའི་བློན་ཆེན་གཞོན་པ་ཨན་ཏེ་ལེ་ལུའུ་ཏེང་ཁོའོ་ཡིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་80འཁོར་བའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་རྒྱུ་ཡིན་པ་དེའི་ཐོག་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་པའི་ལྐོག་གཡོ་གང་རུང་ལ་ཐུན་མོང་ཐོག་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་བཞག་པ་མཚོན་ཡོད། རྒྱལ་ཁབ་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་དྲང་ནུས་དེ་བས་མང་བ་མཁོ་འདོན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལུའོ་ཅི་ཨའོ་ནུའོ་ཧྥུའུ་ཡིས་ཨུ་རུ་སུ་དང་ཀྲུང་གོ་ནི་འཛམ་གླིང་སྣེ་མང་ཅན་གྱི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པ་དང་། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲི་གནང་བར་ཕེབས་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ལས་དོན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་5ཉིན་འབྱོར་བའི་གློག་འཕྲིན)

(པདྨ་རྒྱལ་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200674.html 1 ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད། /enpproperty-->