ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་མི་མང་ཚོགས་ལ་སྤུས་ལེགས་ཡུལ་སྐོར་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། མཛེས་ལྗོངས་ཁུལ་དེས་ཟླ་5ཚེས་1ཉིན་ནས་བཟུང་ལས་གཉེར་བྱེད་འགོ་ཚུགས་ཤིང་། ཟླ་བ་ལྔ་པའི་ནང་སྤ་སེ་ཉོ་དགོས་ཀྱི་མེད་པར་མ་ཟད། ད་དུང་ངོ་མཚར་ཆེ་ཞིང་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པས།གྲོང་མི་མང་ཚོགས་ཀྱིས་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད། ད་དུང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞིར་ཉམས་ལེན་ཐུབ་པར་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་སྔར་བས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་ས་ཆའི་གནས་བབ་ལེགས་པོ་ཡོད་པ་སྟེ། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་རྒྱལ་ལམ་109ཡི་འགྲམ་དུ་གནས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ་25ཙམ་ཡོད་པ་དང་རླངས་འཁོར་ལ་བསྡད་ན་སྐར་མ་50ཙམ་ལས་འགོར་གྱི་མེད་པས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་ཡོད་པས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཡོད། མཛེས་ལྗོངས་ཁུལ་དེ་བསྐྲུན་པ་ནས་བཟུང་།ཐོག་མཐའ་བར་གསུམ་དུ་དེང་རབས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཡུལ་ལྗོངས་རེ་རེ་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་སྒྲིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་རི་སྔོན་ཆུ་དྭངས་ཀྱི་འབྱུང་ཁམས་ལྟ་སྐོར་བྱ་ཡུལ་བཏོད་ནས་གྲོང་མིའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་སྤུས་ལེགས་གདམ་ག་བྱ་ཡུལ་དེ་བས་མང་བ་མཁོ་འདོན་བྱ་རྒྱུར་འབད་བརྩོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། མཛེས་ལྗོངས་ཁུལ་རྒྱུན་ཆད་མེད་པར་རིམ་སྤོར་དང་འཐུས་ཚང་དུ་བཏང་བ་དང་སྒྲིག་བཀོད་དང་ཞབས་ཞུ་སྣ་ཚོགས་མུ་མཐུད་ལེགས་སུ་བཏང་ནས་ཡུལ་སྐོར་བ་རྣམས་ལ་དེ་བས་ལེགས་པའི་ཡུལ་སྐོར་གྱི་སྤྲོ་སྣང་འཕེལ་ཐུབ་རྒྱུར་གཞོལ་བཞིན་ཡོད་པ་རེད།
གྲོང་མི་མཁྱེན་ལྡན་མ་ཚའོ་ལགས་ཀྱིས་ན་ནིང་ངས་ཕྲུ་གུ་ཁྲིད་དེ་འདི་གར་ཡོང་མྱོང་། མཛེས་ལྗོངས་ཁུལ་གྱི་ས་ཆ་ཡངས་ཤིང་རྒྱ་ཆེ་ལ་རྩེད་མོ་སྣ་ཚོགས་བརྩེ་རྒྱུ་ཡོད་པ་སྟེ། བྱིས་པ་རྩེད་མོ་རྩེ་སའི་བྱེ་ས་དང་། སྒུལ་ཤུགས་མེད་པའི་སྤྲོ་སྐྱིད་གླིང་། འཇའ་ཚོན་འདྲེད་ལམ་སོགས་ལ་ཕྲུ་གུས་ཧ་ཅང་དགའ་པོ་འདུག ད་ལོའི་ཟླ་བ་ལྔ་པ་ཧྲིལ་པོར་སྤ་སེར་རིན་པ་དགོས་པར་མ་ཟད། ད་དུང་རྣམ་གྲངས་མི་ཉུང་བ་ཞིག་གསར་དུ་བསྣན་ཡོད་པ་གོ་ཐོས་བྱུང་བས་གུང་གསེང་དང་བསྟུན་ནས་ཕྲུ་གུ་ཁྲིད་དེ་འདི་རུ་རྩེད་མོ་རྩེ་རུ་ཡོང་བ་ཡིན་ཞེས་བཤད།
མཛེས་ལྗོངས་ཁུལ་གྱི་ཕྱི་ཕྱོགས་སུ་ཆུ་ཚན་གསོལ་མགྲོན་ཁང་དང་། གླིང་ག མུའུ་ཁྲི་ཡི་དཔྱིད་འགོའི་མེ་ཏོག སྒུལ་ཤུགས་མེད་པའི་སྤྲོ་སྐྱིད་གླིང་སོགས་ཡོད་པས་ཡུལ་སྐོར་བ་རྣམས་ཀྱིས་ཕྱོགས་ཡོངས་དང་དབྱིངས་ཞུགས་རྣམ་པའི་ཡུལ་སྐོར་གྱི་ཉམས་ལེན་ཡག་པོ་ཞིག་བྱེད་ཐུབ་ཀྱི་ཡོད། གལ་ཏེ་ཁྱིམ་མི་དང་མཉམ་དུ་ཡུལ་སྐོར་བྱེད་པ་དང་། ཕ་མ་དང་བུ་ཕྲུག་ལྷན་དུ་སྤྲོ་སྣང་ལྡན་པའི་འཚོ་བར་ལོངས་སྤྱོད་བྱེད་པ་དང་། ཡང་ན་གྲོགས་པོ་དང་མཉམ་དུ་བསྐྱོད་ནས་ཡུལ་སྐོར་ལ་ཕྱིར་དྲན་ཡག་པོ་ཡོང་བ་བྱ་རྒྱུ་ནི་གདམ་ག་ཡག་པོ་ཞིག་རེད།
བཅར་འདྲི་བྱས་པའི་ཉིན་དེར། གསར་འགོད་པས་མཛེས་ལྗོངས་ཁུལ་དེའི་ཆུ་ཚན་གསོལ་མགྲོན་ཁང་དུ་ཉམས་ལེན་བྱས་པ་སྟེ། གསོལ་མགྲོན་ཁང་དུ་ཁང་པ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་པས་གྲོང་མི་རང་ཉིད་ཀྱི་དགོས་མཁོ་ལྟར་གདམ་ཆོག་པ་དང་། ཁང་པ་ཚང་མར་ཇུས་འགོད་དང་མཛེས་བཟོ་ཞིབ་ཚགས་བྱས་ཡོད་པས་ཁོར་ཡུག་དྲོ་སྐྱིད་དང་སྐྱིད་སྣང་དོད་པོ་ཞིག་ཡོད། ཁང་པ་ཚང་མར་ཆུ་ཚན་གྱི་ཆུ་རྐྱལ་རྫིང་བུ་བཟོས་ཡོད་པ་དང་། དེའི་ནང་ཐོག་སོ་གཉིས་ཅན་གྱི་ཁེར་རྐྱང་ཁང་པར་ཁྱིམ་ཚང་གི་KTVསོགས་སྤྲོ་སྐྱིད་སྒྲིག་བཀོད་དེ་བས་སྒྲིག་སྦྱོར་བྱས་ཡོད་པ་རེད། “ལྔ་གཅིག”རིང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社