ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱིས་སྐབས་གསུམ་པའི་ཀྲུང་གོའི་ཞབས་བྲོའི་ཕུལ་བྱུང་བརྩམས་ཆོས་བསྡུ་རུབ་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཞབས་བྲོ་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི་དམངས་ཁྲོད་ཀྱི་ཞབས་བྲོ《རྒོད་པོའི་བརྩེ་སེམས》ཞེས་པ་དེ་བདམས་ཐོན་བྱུང་བ་དང་། དེ་ནི་བོད་ལྗོངས་ས་ཁུལ་ནས་བདམས་ཐོན་བྱུང་བའི་བརྩམས་ཆོས་གཅིག་པུ་ཡིན་པ་རེད།
《རྒོད་པོའི་བརྩེ་སེམས》ཞེས་པ་ནི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དཀྲོལ་གཏོང་རོལ་ཆ“རྒོད་པོར”བརྟེན་ནས་གསར་རྩོམ་བྱས་པ་བརྒྱུད། གླུ་དབྱངས་དང་། ཞབས་བྲོ། རོལ་དབྱངས་བཅས་གཞི་གཅིག་ཏུ་གྱུར་བའི་མི་རིགས་རིག་གནས་རྨང་གཞིར་བྱས་ནས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་།དེས་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་མངོན་པར་བྱས་ཡོད་པར་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་རོལ་ཆ“རྒོད་པོའི”ཉམས་འགྱུར་ཡང་མངོན་པར་བྱས་ཡོད།
ཀྲུང་གོའི་ཞབས་བྲོའི་ཕུལ་བྱུང་བརྩམས་ཆོས་བསྡུ་རུབ་ནི་ཀྲུང་གོ་ཡོངས་ལ་ཕྱོགས་པའི་ཚད་གཞི་མཐོ་བའི་ཞབས་བྲོའི་བརྩམས་ཆོས་བསྡུ་རུབ་ཀྱི་རྣམ་གྲངས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མཐོང་སྣེ་གསར་རྐྱང་གི་ཐོག་ནས་སྒྱུ་རྩལ་གྱི་རླབས་རྒྱུན་ལ་ཞིབ་ལྟ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་ཞབས་བྲོའི་རིག་གནས་དར་སྤེལ་གཏོང་བ། ཞབས་བྲོའི་གསར་གཏོད་པ་གསར་པ་དང་བརྩམས་ཆོས་གསར་པ་སྔོག་འདོན་བཅས་བྱས་ཏེ་ཀྲུང་གོ་ཡོངས་ཀྱི་ཞབས་བྲོའི་སྒྱུ་རྩལ་གསར་རྩོམ་དང་། འགྲེམས་སྟོན། ཁྱབ་སྤེལ་བཅས་ལ་སྤུས་ལེགས་ཀྱི་སྟེགས་བུ་ཞིག་འཛུགས་རྒྱུའི་ཆེད་དུ་ཡིན། ཐེངས་འདིར《རྒོད་པོའི་བརྩེ་སེམས》ཞེས་པ་སྐབས་གསུམ་པའི་ཀྲུང་གོའི་ཞབས་བྲོའི་ཕུལ་བྱུང་བརྩམས་ཆོས་བསྡུ་རུབ་ཀྱི་མིང་ཐོའི་ནང་ཚུད་པ་དང་།དེ་ནི་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་རིན་ཐང་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་དམངས་ཁྲོད་ཞབས་བྲོ་ཀྲུང་གོ་ཡོངས་དང་འཛམ་གླིང་དུ་བསྐྱོད་རྒྱུར་ཁ་ཕྱོགས་གསར་པ་ཞིག་ཀྱང་བསྟན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社