(པར་ངོས་དང་པོར་མཐུད) ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ། གོ་ལ་ཧྲིལ་པོ་ཕྱར་བ་གྲུ་འདེགས་བཅས་བྱེད་པའི་ཡང་དག་པའི་ལམ་ཆེན་ཞིག་ཡིན། ཀྲུང་གོ་དང་ཁེན་ནི་ཡ་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཐད་ཕན་ཚུན་མུ་མཐུད་དེ་རྒྱབ་སྐྱོར་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་འཕེལ་རྒྱས་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རྒྱལ་སྲིད་སྐྱོང་ལུགས་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་མཉམ་སྐྱོད་པ་དང་གྲོགས་པོ་ངོ་མ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀྲག་མདངས་འཚེ་བའི་མིང་བྱང་ལྟ་བུ་ཞིག་ཡིན་པས། རྒྱུན་རྣམ་ཅན་གྱི་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་མཉམ་སྦྲེལ་དང་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་རུང་བའི་ཉོ་ཚོང་བགྲོད་ལམ་ཤར་གཏོང་ལ་སྐུལ་འདེད་གཏོང་བ། སྣ་མང་ཅན་གྱི་མ་དངུལ་མཉམ་འདྲེས་ལ་དཔྱད་བསྡུར་བྱེད་པ། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་དམངས་སེམས་སྦྲེལ་མཐུད་ཀྱི་རྒྱུན་མཐུད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཐོག་མཐའ་བར་གསུམ་དུ་ཁེན་ནི་ཡའི་སྤུས་ལེགས་ཐོན་རྫས་ལ་སྒོ་མོ་ཕྱེ་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེན་ནི་ཡར་མ་འཇོག་ལས་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོས་བྱ་སྤྱོད་ངོ་མའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་གྲོས།མཉམ་སྐྲུན།མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་འདི་ཉིད་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་བཅོས་མིན་དང་མཛའ་མཐུན་ལྷག་བསམ་གྱི་སྲིད་ཇུས་དང་བསམ་གཞི་ལ་འགྱུར་བ་ཡོང་མི་སྲིད་ཅིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱེད་པའི་ཐོག་མའི་བསམ་འདུན་ལའང་འགྱུར་བ་ཡོང་མི་སྲིད་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་གྱི་རྩ་བའི་དམིགས་ཡུལ་ལའང་འགྱུར་བ་ཡོང་མི་སྲིད། ཀྲུང་གོ་ནི་ཁ་གཏན་ཚིག་ལ་གནས་མཁན་དང་གང་བྱས་མཐའ་འཁྱོལ་བྱེད་མཁན་ཞིག་ཡིན་པས། ཁེན་ནི་ཡ་ཚུད་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཀྱིས་དུས་མཚམས་སྔ་མའི་ཕན་འབྲས་དེ་བས་མང་བ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་རོགས་ལས་ཀྱི་དུས་རབས་ཀྱི་འབོད་སྒྲ་དྲག་པོ་མུ་མཐུད་དེ་བསྒྲགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུས་ཚད་མཐོ་བའི་མཉམ་ལས་ཐོག་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། སྒོ་ཁྲལ་དམག་འཐབ་དང་ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་ཟེར་བ་མེད། ཀྲུང་གོས་རྙོག་དྲ་བཟོ་མི་སྲིད་ལ་རྙོག་དྲ་བཟོ་མཁན་ལའང་སྐྲག་མི་སྲིད་ཅིང་། འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་སྙོམས་དང་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ལུའུ་ཐུའོ་ཡིས་གསུངས་དོན། ཁེན་ནི་ཡ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷད་མེད་ཀྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཐུན་མོང་གི་རེ་འདུན་ལྡན་པ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བཅས་བྱེད་བཞིན་ཡོད་པས། དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཁེན་ནི་ཡའི་རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པར་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མེང་པ་ས་ནས་ནའེ་ལུའོ་པི་བར་གྱི་ལྕགས་ལམ་སོགས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ཀྱིས་ཁེན་ནི་ཡའི་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ཏེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཁྱོན་ཡོངས་ནས་འབྲེལ་མཐུད་བྱེད་པ། ཉོ་ཚོང་དང་། མ་འཇོག རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། རིག་གནས། ཡུལ་སྐོར་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་པ། རང་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་སྔར་བས་འབྲེལ་བ་དམ་ཟབ་ཡོང་བར་བྱ་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་ཞི་བདེའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པས་ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཉོ་ཚོང་དམག་འཐབ་ཀྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་གཏོར་བཤིག་གཏོང་གི་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་མིག་སྔའི་གཡོ་འགུལ་ཆེ་བའི་དུས་བབ་ཁྲོད་བརྟན་ལྷིང་ཡོ་བྱད་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ལུགས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱས་པར་བསྔགས་བརྗོད་ཞུ་ཡི་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ལག་ལེན་བསྟར་འདོད་ཡོད།
གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མཐོ་གསར་ཚན་རྩལ། མི་ཆོས་རིག་གནས་སྤེལ་རེས། དཔལ་འབྱོར་ཉོ་ཚོང་། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག་20ལ་ཐུན་མོང་ཐོག་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་དཔེ་མཚོན་གཏོད་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་གྱི་ཕྱི་རོལ་དུ་ལུའུ་ཐུའོ་དང་སྐུ་ཟླ་ལེ་ཆེའར་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
ལུའུ་ཐུའོ་ཕེབས་འབྱོར་ཟིན་སྐབས་གུས་ལུགས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་ལུགས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་དང་ལུའུ་ཐུའོ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། ལུའུ་ཐུའོ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གུས་ལུགས་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཡོད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ལུའུ་ཐུའོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社