ལོ་གཅིག་གི་འཆར་གཞི་ནི་དཔྱིད་ཀར་ཐུག་ཡོད། དཔྱིད་རྨོད་དཔྱིད་འདེབས་ལ་གྲ་སྒྲིག་བྱ་རྒྱུ་ནི་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་རྡོ་དང་འགག་རྩ་ཡིན། ཆུ་ཤུར་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཆུ་བེད་ཅུས་ཀྱིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་སྤེལ་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བར་ཆད་མི་ཡོང་བའི་འགན་ལེན་བྱས་ཡོད། ཁོང་ཚོས་སྔ་ཙམ་ནས་འཆར་འགོད་དང་། སྔ་ཙམ་ནས་བཀོད་སྒྲིག སྔ་ཙམ་ནས་དོན་འཁྱོལ་བཅས་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་དཔྱིད་རྨོད་དཔྱིད་འདེབས་ལ་ལག་རྩལ་དང་།དངོས་རྫས། མ་དངུལ་བཅས་གནད་ལ་འཁེལ་བར་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཟླ་4ཚེས་10ཉིན་གྱི་སྔ་དྲོར་གསར་འགོད་པ་ཆུ་ཤུར་ཆུས་ཐའེ་ཧུང་ཤིན་ས་བོན་ལས་རིགས་ཚད་ཡོད་ཀུང་སིའི་སྒོ་རའི་ནང་སླེབས་སྐབས། ཞིང་དུད་ཚོས་ཞིང་ལས་ཀྱི་དུས་ཚོད་ལ་དམ་འཛིན་བྱས་ནས་དཔྱིད་རྨོད་རྨོ་འདེབས་ཀྱི་གྲ་སྒྲིག་ལས་དོན་ནང་ཧུར་ཐག་ཞུགས་བཞིན་ཡོད་པ་མཐོང་བྱུང་། ཞིང་ལས་རྒྱུ་ཆའི་མཛོད་ཁང་དུ་སྤུས་ལེགས་ས་བོན་གྱིས་ཁེངས་པ་དང་། ལས་སྣོན་འཁོར་ཁང་གི་འཕྲུལ་ཆས་ཀྱིས་འུར་སྒྲ་གྲགས་པ། ཞིང་ལས་འཕྲུལ་ཆས་ཞིབ་བཤེར་བཟོ་བཅོས་འཁོར་ཁང་དུ་མེ་སྟག་གང་སར་འཕྱུར་བ། ཡུལ་མི་ཚོས་ས་བོན་རླངས་འཁོར་ནང་བླུགས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པས། ས་ཡུལ་དངོས་སུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཡོད། བོད་ནས་ས་བོན་ཨང་2000བཙོང་སའི་ཚོང་ཁང་གི་མདུན་དུ་འགྲོ་འོང་བྱེད་མཁན་མང་པོ་ཡོད་ཅིང་། ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡུལ་མི་ཉི་མ་ཚེ་རིང་གིས་རྒྱན་འཕེན་པ་བརྒྱུད་ས་བོན་རྒྱ་མ་1900ལྷག་ཙམ་བཙོངས་པས་ཁྱིམ་ཚང་གི་ཡོང་འབབ་མང་དུ་བཏང་ཡོད།
ཆུ་ཤུར་ཆུས་ཐའེ་ཧུང་ཤིན་ས་བོན་ལས་རིགས་ཚད་ཡོད་ཀུང་སིའི་ལག་རྩལ་པ་རྡོ་རྗེས་དཔྱིད་རྨོད་དཔྱིད་འདེབས་ལ་འགན་ལེན་བྱ་ཆེད། ཉེ་ཆར།ཀུང་སིའི་ལས་མི་ཡོངས་ལ་ལས་ཀ་མང་པོ་ཡོད་པས་མི་མང་དུ་བཏང་ཡོད།ཁོང་ཚོས་ས་བོན་བསྡུ་ལེན་དང་།ལས་སྣོན། གཤམ་སྤྲོད་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད། ད་ལོར་སྔོན་དཔག་བྱས་ན་ས་བོན་ཏུན་300ཙམ་གཤམ་སྤྲོད་བྱ་རྒྱུ་ཡིན་པ་དང་།དེའི་ནང་ས་བོན་རིགས་4ཚུད་ཡོད།དེ་རྣམས་གཙོ་བོ་ཆུ་ཤུར་དང་། སྟོད་ལུང་། སྣེའུ་སོགས་རྫོང་དང་ཆུས་ལ་མཁོ་སྤྲོད་བྱས་ནས་ས་གནས་ཁག་གི་དཔྱིད་འདེབས་ལ་རོགས་རམ་བྱ་རྒྱུ་རེད་ཅེས་བཤད།
དེའི་རྗེས་སུ་གསར་འགོད་པ་ཆུ་ཤུར་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཆུ་བེད་ཅུས་ཀྱི་ལས་དོན་པ་དང་མཉམ་དུ་ཚར་པ་ནང་གྲོང་ཚོའི་ཞིང་ཁར་བསྐྱོད་ནས་ཞིང་སའི་ས་རྒྱུའི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པར་མ་ཟད།མང་ཚོགས་དང་མཉམ་དུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་མ་གནས་རྩིས་བརྒྱབ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཚར་པ་ནང་གྲོང་ཚོའི་ཚོགས་ཆུང་དང་པོར་ཁྱོན་བསྡོམས་དུད་ཚང་46ཡོད་པ་དང་།རྨོ་ཞིང་མུའུ་960ལྷག་ཙམ་ཡོད། ཟླ་3པའི་ཟླ་དཀྱིལ་ནས་བཟུང་ཡུལ་མི་ཚོས་ཞིང་ཆུ་འདྲེན་པ་དང་།ས་སློག་པ། ལུད་རྒྱག་པ་སོགས་ཀྱི་ལས་ཀ་ཧུར་ཐག་ངང་སྤེལ་བ་རེད། ད་ལོར་བོད་ནས་ས་བོན་ཨང་2000འདེབས་རྩིས་ཡོད་ཅིང་།མུའུ་རེར་རྒྱ་མ་30དང་།ཁྱོན་རྒྱ་མ་ཁྲི་2.5ལྷག་ཙམ་འདེབ་རྒྱུ་ཡིན་པ་རེད། ཉིན་རེར་སོན་འདེབས་འཕྲུལ་འཁོར་དང་འཁྱིལ་རྨོ་འཕྲུལ་འཁོར་3ཞིང་ནང་དུ་མུ་མཐུད་ནས་ལས་ཀ་བྱས་ནས་སོན་འདེབས་ཀྱི་མྱུར་ཚད་ལ་འགན་ལེན་བྱེད་བཞིན་ཡོད།
ཚར་པ་ནང་གྲོང་ཚོའི་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཚེ་དབང་རིག་འཛིན་གྱིས་ང་ཚོའི་ཚོགས་ཆུང་གིས་ཟླ་3པའི་ཟླ་དཀྱིལ་དུ་དཔྱིད་རྨོད་དཔྱིད་འདེབས་འགོ་བཙུགས་ཡོད། དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་རྗེས་མགྱོགས་མྱུར་ངང་ཞིང་ཆུ་འདྲེན་པ་དང་། ལུད་རྒྱག་པ། ས་སློག་པ་སོགས་བྱེད་ཀྱི་ཡོད། མིག་སྔར་རྨོ་ཞིང་མུའུ་960ལྷག་ཙམ་འདེབས་འཛུགས་ལེགས་གྲུབ་བྱུང་ཞིང་།གཅིག་སྡུད་འདེབས་འཛུགས་ཀྱི་རྣམ་པ་སྤྱད་པས་ད་ལོར་འབྲས་བུ་གང་ལེགས་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ཆུ་ཤུར་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་ཆུ་བེད་ཅུས་ཀྱི་མཛུབ་ཁྲིད་འོག ཚར་པ་ནང་གྲོང་ཚོས་དཔྱིད་འདེབས་ཐོན་སྐྱེད་ལ་སྔ་ཙམ་ནས་འཆར་འགོད་བྱས་ནས་ཆུ་ཡུར་གཙང་སེལ་དང་ཞིང་ལས་རྒྱུ་ཆ་དང་དངོས་ཟོག་གསོག་འཇོག་སོགས་ཀྱི་ལས་དོན་སྔ་ཙམ་ནས་དོན་འཁྱོལ་བྱས་པར་མ་ཟད། ལག་རྩལ་ཐད་ཞབས་ཞུ་བསྒྲུབས་ཏེ་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་པའི་ཚ་རླབས་ཁྱོན་ཡོངས་ནས་འཕྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་ཆུ་ཤུར་རྫོང་གིས་དམིགས་ཚད་དང་ལས་འགན་ཁག་དུས་ཐོག་ཏུ་ཤང་ལ་སྤྲད་པ་དང་རིམ་པ་ཁག་གིས་འགན་འཁྲི་དོན་འཁྱོལ་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་འཚམས་ཐིག་ལ་མཐའ་གཅིག་ཏུ་འགན་སྲུང་བྱས་པ་རེད། ཟླ་4ཚེས་7ཉིན་བར་ཤང(གྲོང་རྡལ)ཁག་གིས་སྔ་རྗེས་སུ་དཔྱིད་འདེབས་ཀྱི་ལས་དོན་སྤེལ་ནས་མིག་སྔར་དཔྱིད་འདེབས་མུའུ་7624ལེགས་འགྲུབ་བྱུང་ཡོད།
ཕྱིས་འབྱུང་ཆུ་ཤུར་རྫོང་གིས་རྨོ་ཞིང་སྲུང་སྐྱོང་དང་། ཞིང་འཕྲུལ་ཉོ་བ། ས་བོན་ལས་རིགས་གསར་གཏོད་སོགས་ཞིང་པར་ཕན་ཐོགས་པ་དང་ཞིང་ལས་ཐད་རོགས་སྐྱོར་བྱེད་པའི་སྲིད་ཇུས་མུ་མཐུད་ནས་དྲིལ་བསྒྲགས་བྱས་ཏེ་ཞིང་པ་མང་ཚོགས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་བྱེད་སྒོ་སྤེལ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ་འབྲུ་རིགས་བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་བྱེད་ཐབས་མང་པོ་བཏོན་ནས་དཔྱིད་འདེབས་ཀྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་རྒྱུ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社