ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་11ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་བཟོ་བའི་འཆད་ཁྲིད་ཆེན་མོའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་རིགས་གཅིག་མཁས་ཅན་དང་། ངལ་རྩོལ་དཔེ་བཟང་བ། བཟོ་པ། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་བཅས་ཆེད་དུ་གདན་འདྲེན་ཞུས་པ་དང་། ཁོང་ཚོས་རང་རང་སོ་སོའི་ཁྱབ་ཁོངས་ཀྱི་དོན་དངོས་གཏམ་རྒྱུད་མཉམ་སྤྱོད་བྱས་པ་བརྒྱུད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཏེ་བསམ་བློའི་ངོས་འཛིན་གཅིག་ཏུ་བསྡུས་པ་དང་། རྒྱ་ཆེའི་ལས་བཟོ་བའི་འབད་བརྩོན་གྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཡོད།
བྱེད་སྒོ་སྤེལ་བའི་སྐབས་སུ། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་རིག་པའི་དགེ་རྒན་ལིའོ་ཁྲེང་དབྱིན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་པ་ཁ་བྱང་དུ་བྱས་པའི་ཆེད་དོན་ཟུར་ཁྲིད་གནང་བ་རེད། རྒན་ལིའོ་ཁྲེང་དབྱིན་གྱིས་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་། དངོས་བྱུང་དཔེ་བརྗོད། དེ་བཞིན་ཕུན་སུམ་ཚོགས་པའི་རིག་དངོས་ཀྱི་དཔྱད་གཞི་བཅས་བརྒྱུད་ནས་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལ་གཏིང་ཟབ་ཅིང་སྟབས་བདེ་བའི་སྒོ་ནས་འགྲེལ་བཤད་གནང་བས་ཚོགས་འདུར་ཞུགས་པའི་ལས་བཟོ་བའི་འཐུས་མིས་འབྲེལ་ཡོད་སྲིད་ཇུས་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱུང་བ་དང་། ཁོང་ཚོའི་ཆབ་སྲིད་དང་།རིགས་པའི་གཞུང་ལུགས། བྱ་སྤྱོད་བཅས་ཀྱི་ཐད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད།
དེའི་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་མི་སྒེར་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་བཞི་པའི་རུ་དཔོན། རིམ་པ་གསུམ་པའི་མཐོ་རིམ་ཉེན་རྟོག་པའི་འགོ་དཔོན་བཅས་ཡིན་པའི་དབྱང་ཞུའེ་ཅུན་དང་། ལྷ་སའི་བཟོ་བོ་དང་། བོད་ལྗོངས་པ་ཏྲ་ཀ་དངོས་གཉེར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དུང་དཀར་ཚེ་རིང་། དེ་བཞིན་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་དང་། བོད་ལྗོངས་ཞེ་པོ་གློག་རྡུལ་ཚོང་དོན(མོས་ཚོགས)སྣེའུ་ས་ཚིགས་ཀྱི་མཚན་ལས་ཚོགས་ཆུང་གི་ཙུའུ་ཀྲང་ཧོང་ཅན་ཁྲེང་སོགས་ཀྱིས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ལ་གཞིགས་ནས་རང་ཉིད་ཀྱི་ཉེ་འགྲམ་དུ་བྱུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཚང་མར་མཉམ་སྤྱོད་བྱས་པ་རེད། ཁོང་ཚོས་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་ཉམས་མྱོང་ལ་བརྟེན་ནས་རྒྱ་ཆེའི་ལས་བཟོ་བས་སྔོན་ཐོན་ལ་མིག་དཔེ་ལྟ་བ་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་ཅན་དུ་འགྱུར་བར་བརྩོན་ལེན་བཅས་བྱས་ཏེ་རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཡོད།
གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གཞོན་ནུ་འཕེལ་རྒྱས་པུའི་ལས་དོན་པ་ལི་ཀྲོའུ་ཡིས་སླད་ཕྱིན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། ལས་གནས་སུ་གཞི་ཚུགས་པ་དང་། འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བ། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་ཆེད་ཐུན་མོང་ཐོག་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ཁྲོད། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམ་ཁག་བཟོ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་བཟོ་ཚོགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནང་འཇུག་དགོས་པ་དང་། བཟོ་ཚོགས་ཀྱི་བསམ་བློ་ཆབ་སྲིད་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུ། རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་དོན་འཁྱོལ་བྱེད་དགོས། བཟོ་ཚོགས་ཀྱི་ལས་བྱེད་པ་དེ་ལས་བཟོ་བ་མང་ཚོགས་ཀྱི་ཁྱིམ་མིར་འགྱུར་དགོས་པར་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པར་ཡང་འགྱུར་བར་བྱས་ཏེ་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社