ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་8ཉིན། དགའ་ལྡན་དགོན་དོ་དམ་ཨུ་ལྷན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་དགེ་འདུན་པ་དང་དེ་བཞིན་དགོན་པར་བཅའ་སྡོད་ཚན་པའི་ལས་བྱེད་པ་དང་ལས་བཟོ་བ་བཅས་སྒྲིག་འཛུགས་བྱས་ཏེ་དགོན་པའི་རླངས་འཁོར་འཇོག་ས་ཨང་གསུམ་པའི་མཐའ་འཁོར་དུ་ཤིང་འཛུགས་བྱེད་སྒོ་སྤེལ་ནས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ནས་དགོན་པའི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར། ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པས་ཁེངས་ཡོད། དགེ་འདུན་པ་རྣམས་ཀྱིས་མཐའ་འཁོར་གྱི་ཚན་པ་ཁག་གི་ལས་དོན་པ་དང་མཉམ་ལས་དམ་ཟབ་བྱས་ཏེ། ཁོང་ཚོའི་ཁྲོད་ཀྱི་ཁ་ཤས་ཀྱིས་གཟབ་ནན་ངང་ལྕང་སོན་སྐྱོར་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ས་རྒྱོང་བ་དང་ཆུ་རྒྱག་བཞིན་ཡོད་པས་གོ་རིམ་བཞིན་ནན་ཏན་དང་ཞིབ་ཚགས་ངང་ལས་དོན་སྤེལ་བཞིན་ཡོད། ཉི་འོད་འཇམ་པོའི་འོག་ཁོང་ཚོའི་དཔྲལ་བའི་ངོས་སུ་རྔུལ་ཆུ་བཞུར་བཞིན་ཡོད་མོད། འོན་ཀྱང་གདོང་ལ་ངལ་རྩོལ་གྱིས་སྦྱིན་པའི་སྤྲོ་སྣང་གིས་ཁེངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོའི་ཁྲོད་ས་ཆ་དེ་གར་འཚམ་པའི་ཐང་ཤིང་དང་། ཁམ་སྡོང་། ཤུག་པ་སོགས་ཤིང་སོན་སྡོང་རྐང་400ལྷག་ཙམ་བཙུགས་པ་རེད། ཤིང་སོན་དེ་དག་བཙུགས་པ་ལས་དགོན་པའི་ཁོར་ཡུག་མཛེས་སུ་གཏོང་ཐུབ་པར་མ་ཟད། ད་དུང་འབྱུང་ཁམས་ལེགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་རྒྱུ་རེད།
དགའ་ལྡན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པའེ་ཡུང་ཧྥུང་གིས་ད་ཐེངས་ཀྱི་ཤིང་འཛུགས་བྱེད་སྒོ་འདི་ནི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན། ཕྱིས་འབྱུང་། དགའ་ལྡན་དགོན་དོ་དམ་ཨུ་ལྷན་གྱིས་རྒྱུན་མཐུད་ངང་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་ཚང་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ། དགོན་པའི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།
ཤིང་འཛུགས་བྱེད་སྒོར་དགེ་འདུན་པ་དང་དགོན་པའི་ཚན་པ་ཁག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། དགའ་ལྡན་དགོན་པར་སྐྱེ་སྟོབས་དང་གསོན་ཤུགས་སྦྱིན་པར་མ་ཟད། ཆོས་ལུགས་ལས་རིགས་དང་དགོན་པའི་ཚན་པ་ཁག་གིས་འབྱུང་ཁམས་དཔལ་ཡོན་མཉམ་དུ་འཛུགས་སྐྲུན་བྱེད་པའི་དགེ་མཚན་ལྡན་པའི་རྣམ་པའང་མངོན་པ་དང་། མཛེས་སྡུག་དང་འཆམ་མཐུན་གྱི་འབྱུང་ཁམས་ཁོར་ཡུག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社