ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭས་གཙོ་གཉེར་བྱས་པ་དང་བོད་ལྗོངས་རིག་གནས་ཡུལ་སྐོར་དོ་དམ་ཨུ་ལྷན་གྱིས་གཞོགས་འདེགས་བྱས་པའི་དད་སེམས་དང་རྒྱུན་འཛིན། བཀྲ་ཤིས་བཟང་པོའི་ཐང་གའི་སྒྱུ་རྩལ་སློབ་མཐར་ཕྱིན་པའི་བརྩམས་ཆོས་འགྲེམས་སྟོན་ལྷ་སར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནང་གཞོན་ནུ་ཐང་ག་བཞེངས་མཁན་བཀྲ་ཤིས་བཟང་པོས་ལོ་བཅུ་ལྷག་ཙམ་རིང་ཐང་གའི་སྒྱུ་རྩལ་ལ་འཚོལ་ཞིབ་བྱས་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
བཀྲ་ཤིས་བཟང་པོའི་སྒྱུ་རྩལ་གྱི་ལམ་ནི་བྱིས་པའི་དུས་སུ་ལྷོ་ཁ་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོར་རི་མོའི་བློ་སྒོ་ཕྱེ་བ་ནས་འགོ་བརྩམས། དམའ་འབྲིང་སློབ་གྲྭ་ཐོན་རྗེས། ཁོང་གིས་སྐལ་བཟང་ཆོས་ལྡན་གྱི་དྲུང་ནས་རི་མོའི་རྨང་གཞི་སློབ་སྦྱོང་བྱས་པ་དང་། 2015ལོ་ནས་བཟུང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་ཐང་གའི(སྨན་ཐང་ལུགས)མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པ་བསྟན་པ་རབ་བརྟན་དང་ཁོང་གི་བུ་བསྟན་འཛིན་ཕུན་ཚོགས་ཀྱི་རྗེས་སུ་འབྲངས་ནས་སྨན་ཐང་ལུགས་ཀྱི་སྒྱུ་རྩལ་གྱི་སྙིང་བཅུད་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་རེད། ལོ་བཅུའི་རིང་། ཁོང་བོད་ཀྱི་གནའ་བོའི་དགོན་པ་དང་བྲག་ཕུག་བཅུ་ཕྲག་ཁ་ཤས་ལ་བསྐྱོད་ནས་ལོ་ངོ་སྟོང་གི་ལྡེབས་རིས་འདྲ་བཟོ་དང་བརྐོས་བརྙན་གྱི་བཟོ་རིམ་ལ་ཞིབ་འཇུག་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་ཁྱད་ཆོས་དང་མི་སྒེར་གྱི་ཉམས་འགྱུར་གཉིས་ལྡན་གྱི་སྒྱུ་རྩལ་རིམ་བཞིན་ཆགས་པ་རེད། ཁོང་གི་སློབ་ཐོན་གྱི་གསར་རྩོམ་དུས་ཡུན་ལོ་གསུམ་སོང་རྗེས་ལེགས་གྲུབ་བྱུང་བ་དང་2025ལོའི་ཟླ་2ཚེས་14ཉིན་མཇུག་འགྲིལ་བ་རེད།
འགྲེམས་སྟོན་མཛད་སྒོའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་ཐང་གའི(སྨན་གསར་ལུགས)མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནོར་བུ་སྲི་ཐར་གྱིས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བཀྲ་ཤིས་བཟང་པོའི་སྒྱུ་རྩལ་ལག་ལེན་གྱིས་གཞོན་ནུའི་མི་རབས་ལ་དཔེ་མཚོན་བཏོད་ཡོད་པས་གཞོན་ནུ་དེ་བས་མང་བ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ནང་ཞུགས་ཏེ་ཐང་གའི་སྒྱུ་རྩལ་གཞུང་འཁྱོངས་གསར་འབྱེད་ཁྲོད་འཛམ་གླིང་ལ་བསྐྱོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
བོད་ལྗོངས་བསྟན་པ་རབ་བརྟན་ཐང་ག་སྒྱུ་རྩལ་སློབ་གྲྭའི་སློབ་གཙོ་བསྟན་འཛིན་ཕུན་ཚོགས་ཀྱིས། བཀྲ་ཤིས་བཟང་པོ་སློབ་གྲྭར་སྡོད་རིང་གི་ཕུལ་བྱུང་གི་སྦྱངས་བརྩོན་ལ་གཞིགས་ནས་སློབ་གྲྭས་ཁོང་སློབ་གྲྭར་བསྡད་ནས་དགེ་རྒན་བྱ་རྒྱུར་གདན་འདྲེན་ཞུ་རྒྱུ་ཐག་བཅད་པ་ཁྱབ་བསྒྲགས་བྱས་པ་རེད། བྱེད་ཐབས་དེ་ནི་ཁོང་མི་སྒེར་གྱི་སྒྱུ་རྩལ་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ། བོད་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པར་སྟོབས་ཤུགས་གསར་པ་བསྣན་པ་ཞིག་ཀྱང་ཡིན།
ཕ་མ་ནི་ཐོག་མཐའ་བར་གསུམ་དུ་ང་ལ་ཆེས་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་ཡིན། ཨ་ཕས་ང་ལ་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་རྒྱུའི་སྐུལ་ལྕག་བྱས་པ་དང་ཨ་མས་ང་རང་བསམ་མེད་བྱིས་པ་ཞིག་ནས་ལས་རིགས་ཀྱི་རི་མོ་བར་འཚར་ལོངས་ཡོང་བའི་བརྒྱུད་རིམ་ལ་བདེན་དཔང་བྱས་ཡོད། མ་འོངས་པའི་འཆར་འགོད་སྐོར་གླེང་སྐབས་བཀྲ་ཤིས་བཟང་པོས་ངས་ལོ་བཅུའི་རིང་བསགས་པའི་རི་མོའི་ཉམས་མྱོང་སློབ་ཁྲིད་ལག་ལེན་ནང་མཉམ་འདྲེས་བྱས་ནས་སྲོལ་རྒྱུན་གྱི་རྨང་གཞི་དང་གསར་གཏོད་ཀྱི་བསམ་གཞིགས་གཉིས་ལྡན་གྱི་ཐང་གའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་གནའ་བོའི་སྒྱུ་རྩལ་དེ་དུས་རབས་གསར་པའི་ནང་དེ་བས་འཕེལ་རྒྱས་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང་བཀྲ་ཤིས་བཟང་པོའི་བརྩམས་ཆོས་ཁྱོན་བསྡོམས་52འགྲེམས་སྟོན་བྱས་པས་ལྟད་མོ་བ་ཚོས་ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཐག་ཉེ་ས་ནས་མྱོང་ཚོར་ཐུབ་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社