(པར་ངོས་དང་པོར་མཐུད)ཤིང་འཛུགས་ནཊ་བཟོའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་ཆུ་རྩ་གསོ་ཁུལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡག་པོ་སྲུང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ནགས་ལས་དང་རྩྭ་ཐང་འཕེལ་སྒྱུར་སིའི་སི་ཀྲང་ཝང་ཅུན་ཀྲུང་གིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་ཀྱི“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་ཡོད་པས།ང་ཚོའི་ཕྱིས་འབྱུང་གི་ལས་ཀའི་ཁ་ཕྱོགས་དེ་བས་གསལ་དུ་ཕྱིན་སོང་། ནགས་ཚལ་གཉེར་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྲིད་ཇུས་ཀྱི་ལམ་སྲོལ་ནུས་པ་སྔར་བས་ཆེར་གཏོང་དང་། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་དང་ཕྱིར་ཚོང་ཞབས་ཞུར་ཤུགས་སྣོན་རྒྱག་པ། རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་ལ་འགན་ལེན་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་།ནགས་ཚལ་གྱི་འབྱུང་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཕན་འབྲས་སྣ་ཚོགས་ཆེ་རུ་བཏང་ནས་ནགས་ཚལ“ནོར་མཛོད”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུཊ་སྐྲུན་བྱ་རྒྱུར་མཛུབ་སྟོན་གནང་ཡོད་དེ།“སྤུས་ཚད་མཐོར་གཏོང”ལ་དེ་བས་མཐོང་ཆེན་དང་།“ལས་དར”ལ་དེ་བས་མཐོང་ཆེན།“དམངས་ཕན”ལ་དེ་བས་མཐོང་ཆེན་བཅས་བྱེད་དགོས་ཞེས་གསུངས་ཡོད།
བྱང་གསུམ་ས་ཁུལ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བའི་གཡུལ་ས་གཙོ་བོ་ཞིག་ཡིན། “བྱང་གསུམ”འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནགས་ཚལ་དང་།རྩྭ་ཐང་།ཚན་རྩལ་བཅས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་དང་བྱང་གསུམ་འདུ་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའུ་ཆི་ཡིས།སྤྱི་ཁྱབ་ཧྲུའུ་ཅིས“སྤུས་ཚད་མཐོར་གཏོང”ལ་དེ་བས་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཚན་རིག་རང་བཞིན་དང་མ་ལག་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ། ནགས་ཤིང་གི་སོན་བཟང་དང་ཚད་གཞི་མཐོ་བའི་ནགས་ཚལ་འགོག་སྲུང་གི་བཀོད་སྒྲིག་སོགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་དང་།དེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་མཐུད་ངང་ཐང་རྒོད་འགོག་བཅོས་དང་།བྱེ་མའི་ཐོན་ལས།ནུས་རྒྱུ་གསར་པ་གསར་སྤེལ་དང་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་བྱེ་བཅོས་བྱེད་སྟངས་ཤིག་གྲུབ་པར་བྱས་ནས།འབྱུང་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་གཅིག་འགྱུར་ཡོང་བར་བྱེད་དགོས་ཞེས་བཤད།
ལེའོ་ཉིང་ཞིང་ཆེན་ཧེང་རེན་མན་རིགས་རང་སྐྱོང་རྫོང་ཨར་ཧྥང་ཏན་ཙི་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ལིའུ་ཡུང་གིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་སྟོབས་ཆེར་གཏོང་དགོས་ཞེས་བཏོན་གནང་བའི་དགོངས་པ་དེ་ངའི་སེམས་སུ་གསལ་ལེར་དྲན་གྱི་འདུག ནགས་རི་མུའུ་ཁྲི་40ལྷག་ཙམ་ཟིན་པའི་གྲོང་རྡལ་ཆུང་ངུ་དེས་ཉེ་བའི་ལོ་ཤས་རིང“ཁེ་ལས་དང་། ནགས་ར། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་བརྒྱུད་ནས་ནགས་ཞིང་མཉམ་ལས་ཀྱིས་དཀར་པོ་ཆིག་ཐུབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། ད་ཆ་དེ་གར་དཀར་པོ་ཆིག་ཐུབ་ཀྱི་ཆེད་ལས་མཉམ་ལས་ཁང་16ཡོད་པ་དང་ལོ་རེར་དཀར་པོ་ཆིག་ཐུབ་ཆ་སྙོམས་སྤྱི་རྒྱ་2000ལྷག་ཙམ་འཚོང་གི་ཡོད།ང་ཚོས་ནགས་ལས་དང་ཞིང་ལས་མཉམ་འབྲེལ་གྱི་ཁག་ཐེག་དངུལ་བུན་སོགས་ཀྱི་བྱ་ཐབས་སྔར་བས་འཚོལ་ཞིབ་བྱས་ཏེ།མ་དངུལ་བསྡུ་རུབ་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཐོན་ལས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དཀར་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། དཀར་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནགས་ཚལ་དང་རྩྭ་ཐང་གི་ལས་ཞུགས་འབབ་འཕར་གྱི་བར་མཐོངས་རྒྱ་ཆེར་བཏང་ནས་ང་ཚོས་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལམ་བུ་དེ་བས་བརྟན་དུ་གཏོང་དགོས་ཞེས་ཁ་གསལ་བཏོན་གནང་ཡོད་པས། ང་ཚོའི་གྲོང་ཚོས་ཁམ་བུའི་མེ་ཏོག་གི་ལྡུམ་རར་བརྟེན་ནས་གྲོང་ཚོའི་ནང་འབྱུང་ཁམས་ཡུལ་སྐོར་དང་། ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བཅས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ནས་ན་ནིང་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་10ལྷག་ཙམ་བགོས་རྒྱུ་བྱུང་ཡོད། ང་ཚོས་ད་དུང་ཤིང་འཛུགས་ནགས་བཟོ་བྱེད་དགོས་པར་མ་ཟད། རིགས་གཅིག་མཁས་ཅན་དང་མཉམ་དུ་ཁམ་བུའི་མེ་ཏོག་གི་བཞད་ཡུན་རིང་དུ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
སྒེའུ་ཁུང་ཕྱེ་ན་ལྗང་མདོག་མཐོང་བ་དང་སྒོ་ནས་ཐོན་ན་སྤྱི་གླིང་དུ་སླེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྲོ་གསེང་སྤྱི་གླིང་དང་། སྤྱི་གླིང་ཆུང་གྲས། སྔོ་ལྗང་ཁུལ་ཆུང་གྲས་སོགས་སྤྱི་གླིང་ཁྱོན་1100བསྐྲུན་ཟིན་ཡོད།
ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་གསན་སྐབས་པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་དབན་ཕིང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཏན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། མོང་ཏན་གྱིས་ཧྥེང་ཐའེ་ཆུས་ཀྱིས་ཡུང་ཏིང་ཆུ་བོའི་དབན་ཕིང་དུམ་བུའི་ངོགས་ཀྱི་གཙང་འགྲམ་སྤྱི་གླིང་ཁྱུ་ཚོགས་བསྐྲུན་ཟིན་པ་དང་།དེ་སྤྱི་གླིང་མང་པོ་ལས་གྲུབ་ཅིང་། མིག་སྔར་གཙང་འགྲམ་མེ་ཏོག་ལྡུམ་རའི་མཛེས་ལྗོངས་ཧུར་ཐག་གཏོད་བཞིན་ཡོད། ཕྱིས་འབྱུང་སྤྱི་ཁྱབ་ཧྲུའུ་ཅིས་མང་ཚོགས་ཀྱི་ཉེ་འགྲམ་དུ་སྔོ་ལྗང་དང་མིག་མདུན་དུ་མཛེས་ལྗོངས་ཡོད་པར་བྱེད་པའི་བླང་བྱ་གཞིར་བཟུང་། ཤིང་འཛུགས་ནགས་བཟོའི་ལས་དོན་ལ་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་། རྩྭ་སྣ་འཛོམས་པའི་གླིང་ཁུལ། མེ་ཏོག་སྣ་ཁ་མང་པའི་གླིང་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་། ལྗང་མདོག་ཁྲོམ་གཞུང་དང་མེ་ཏོག་ལྡུམ་རའི་གྲོང་ཁྱེར་གཏོད་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
དྭངས་གསལ་དུས་ཚིགས་ཀྱི་སྔ་རྗེས་སུ་ནགས་ཚལ་མེ་ཟོན་གྱི་འགན་འཁྲི་ལྕི་པོ་ཡོད། ཀོང་ཤིས་ཏེ་པའོ་རྫོང་ལུང་ཀོང་ཤང་ཏ་པང་གྲོང་ཚོའི་ནགས་སྲུང་བ་ནུང་པི་ཁོའོ་ཡིས་རི་སྟེང་དུ་སྐོར་ཞིབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནགས་རིའི་མེ་ཁུངས་གཏན་འགོག་བྱེད་ཀྱི་ཡོད་པ་དང་། ཁོམ་པ་ཏོག་ཙམ་བྱུང་ཚེ་དུད་ཚང་རེ་རེ་བཞིན་དུ་དྲིལ་བསྒྲགས་བྱེད་པར་བསྐྱོད་ཀྱི་ཡོད།
ནུང་པི་ཁོའོ་ཡིས་མི་རྣམས་དགའ་འོས་པ་ཞིག་ལ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲཊ་བྱས་པ་བརྒྱུད། ནགས་རིའི་སྟེང་དུ་ཐ་རོ་དང་ཤོག་སྦག་གི་སྙིགས་རོ་མཐོང་རྒྱུ་མེད་པས་གྲོང་མིའི་མེ་ཟོན་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེས་རྒྱལ་ལྗང་མདོག་ཅན་དུ་འགྱུར་བར་ངེས་པར་དུ་ལྗང་མདོག་རྒྱ་སྐྱེད་དང་ལྗང་མདོག་དར་འཕེལ། ལྗང་མདོག་སྲུང་སྐྱོང་བཅས“ལྗང་གསུམ”ལས་དོན་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད་པས་ངས་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྔོ་འགྱུར་གྱི་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འོས་འགན་ཤིང་འཛུགས་ནི་དམངས་ཡོངས་ཀྱི་བྱ་སྤྱོད་ཅིག་ཡིན་པས་མི་རབས་ནས་མི་རབས་བར་སྒྲུབ་དགོས་ཞེས་ནན་གསུངས་གནང་ཡོད།
དཔྱིད་དུས་ཀྱི་ཡུན་ནན་ཁུན་མིང་གི་ལྗོན་ཤིང་ལྡུམ་རའི་ནང་གྲོང་མི་ཧྥུ་ཧང་གིས་སློབ་ཆུང་འགྲིམ་བཞིན་པའི་ཕྲུ་གུ་ཧྥུ་ཆི་ཁྲེང་དང་མཉམ་དུ་ན་ནིང་བཏབ་པའི་ཤིང་སོན་ལ་ཆུ་རྒྱག་བཞིན་ཡོད། ཁོང་གིས་ང་ཚོས་ཤིང་བཙུཊ་པ་ཙམ་མ་ཡིན་པར་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་བསམ་པ་ཕྲུ་གུའི་སེམས་ནང་འཇགས་པར་བྱེད་ཀྱི་ཡོད། རང་བྱུང་ཁམས་ཆེན་མོ་ནི་གསོན་ཉམས་དོད་ཤོས་ཀྱི་སློབ་ཚན་ཞིག་ཡིན་པས། ང་ཚོས་ཕྲུ་གུ་འཚར་ལོངས་བྱུང་རྗེས་རང་བྱུང་ཁམས་ལ་དགའ་ཞེན་དང་།རང་བྱུང་ཁམས་ལ་བརྩི་འཇོག་བྱེད་མཁན་ཞིག་ཏུ་འགྱུར་བར་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་རྒྱུ་ཡིན་ཞེས་བཤད།
ཤིང་འཛུགས་ནགས་བཟོ་བྱེད་པ་ནི་འབྱུང་འགྱུར་གཏོད་པ་ཞིག་ཡིན། ཚང་མས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མི་ཚང་མའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་3ཉིན་འབྱོར་བའི་གློག་འཕྲིན)
(བྱང་ཆོས་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社